དབྱར་ཁར་གྱོན་པ་མདོག་ཅན་གྱོན་ན་སེམས་ཁམས་སྐྱིད་པོ་ཡོང་པར་ཕན།
2023.07.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ད་ལོའི་དབྱར་ཁར། “དོ་ཕ་ཨེན(多巴胺)”ཞེས་པའི་སེམས་ཁམས་རིག་པའི་ཁྱབ་ཁོངས་ཀྱི་ཆེད་སྤྱོད་ཐ་སྙད་འདི་མི་རྣམས་ཀྱི་མཐོང་ལམ་དུ་མངོན་ཞིང་། དེ་དང་མཉམ་དུ“དོ་ཕ་ཨེན་གྱོན་པ”ལའང་དྲ་རྒྱའི་བརྙན་ལམ་སོ་སོ་རུ་དོ་ཁུར་ཆེན་པོ་ཐོབ་ཡོད། དེ་ན་དོ་ཕ་ཨེན་གྱོན་པ་ཞེས་པ་དེ་ནི་ཅི་ཞིག་ཡིན་པ་དང་། དེས་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་དོན་ཅི་ཞིག་ཡིན་ནམ་ཞེ་ན།

དོ་ཕ་ཨེན་ཞེས་པ་ནི་ཀླད་ཆེན་ནང་གི་དབང་རྩའི་བརྡ་རྒྱུ་གལ་ཆེན་ཞིག་ཡིན་ལ། 1957ལོར་སྨན་པ་ཁེ་སེ་ལིན·མོང་ཐ་ཀུའུ་ཡིས་ལོན་ཏོན་དང་ཐག་ཉེ་བའི་སྨན་ཁང་ཞིག་གི་ཚོད་ལྟ་ཁང་དུ་མིའི་ལུས་སྟེང་དུ་དོ་ཕ་ཨེན་ཟེར་བའི་དངོས་པོ་ཞིག་ཡོད་པ་ཤེས། མིའི་རིགས་ཀྱི་ཀླད་ཆེན་ནང་གི་ཕྲ་ཕུང་ཁྲི་ཉི་ཤུ་ཆའི་གཅིག་གིས་མ་གཏོགས་དོ་ཕ་ཨེན་ཟགས་ཐོན་བྱེད་མི་ཐུབ་པས། དོ་ཕ་ཨེན་གྱི་ཟགས་ཐོན་ཚད་ཧ་ཅང་དམའ་ནའང་དོ་ཕ་ཨེན་གྱི་ཤུགས་རྐྱེན་ཧ་ཅང་ཆེ་བས། མིའི་རིགས་ཀྱི་བསམ་བློ་དང་བརྩེ་དུང་སོགས་སྙོམས་སྒྲིག་བྱེད་ཐུབ་ལ། མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་དང་འབྲེལ་བ་དམ་པོ་ཡོད།

དོ་ཕ་ཨེན་ནི་མི་ལ་བྱ་དགའ་དང་ཡང་ན་གཟེངས་བསྟོད་ཐོབ་པའི་སྐབས་སུ་མང་དུ་འབྱུང་བས། དེ་ནི་དགའ་སྐྱིད་དང་འབྲེལ་བ་ཡོད་པར་བཤད་པ་ལས། ཐོབ་སྣང་དང་འབྲེལ་བ་ཡོད་པར་བཤད་ན་དེ་བས་ཀྱང་འགྲིག་ཡོད་པ་འདྲ། དཔེར་ན། བུད་མེད་ཅིག་གིས་སྨད་གཡོགས་ཡག་པོ་ཞིག་ཉོས་རྗེས། མོ་རང་དགའ་བ་འབུམ་གྱིས་མྱོས་ཏེ་རྒྱུན་དུ་སྨད་གཡོགས་དེ་གྱོན་པར་འདོད་པའི་བསམ་བློ་འབྱུང་སྲིད། ཡིན་ནའང་མོས་བསྟུད་མར་ཉིན་འགའ་ལ་གྱོན་རྗེས། སྨད་གཡོགས་དེ་ལ་གཞི་ནས་སུན་སྣང་སྐྱེས་ཏེ་སེམས་ཤུགས་ཡོད་ཚད་སྨད་གཡོགས་གཞན་པའི་སྟེང་དུ་ཤོར་འགྲོ་བ་དེ་ནི་དོ་ཕ་ཨེན་གྱི་ནུས་ཤུགས་རེད། ཐོག་མར་སྨད་གཡོགས་དེ་མཐོང་སྐབས་མྱུར་དུ་ཉོས་ནས་ལོངས་སྤྱོད་བྱེད་འདོད་པའི་སེམས་ཁམས་དེས་ཀླད་ཆེན་ལ་དོ་ཕ་ཨེན་ཟགས་ཐོན་བྱེད་དུ་བཅུག་ཅིང་། ལོངས་སུ་སྤྱད་དེ་གསར་སྣང་ཡལ་རྗེས་དོ་ཕ་ཨེན་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་འགྲོ། སྐབས་དེར་ཡང་བསྐྱར་བློར་འབབ་པའི་སྨད་གཡོགས་གཞན་པ་ཞིག་མཐོང་ན། དོ་ཕ་ཨེན་ཡང་བསྐྱར་ཟགས་ཐོན་བྱས་ཏེ་ཉོ་འདོད་ཀྱི་སེམས་ཁམས་འབྱུང་བ་དེའོ།།

ཚན་རིག་པས་མིའི་རིགས་ཀྱི་འབྱུང་ཁུངས་དང་འགྲུལ་བཞུད་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཤེས་པ་ལྟར་ན། ཨ་ཧྥེ་རི་ཁ་ཤར་མའི་སྐམ་ས་ཆེན་མོ་རུ་སྐྱེས་པའི་མི་དང་བསྡུར་ན། ལམ་ཐག་རིང་པོར་འགྲུལ་བཞུད་བྱས་མྱོང་བའི་མིའི་ལུས་སྟེང་དུ་དོ་ཕ་ཨེན་མང་པོ་འབྱུང་གིན་ཡོད། དེ་ལ་བལྟས་ན། དོ་ཕ་ཨེན་གྱིས་མིའི་འགྲུལ་བཞུད་དང་མིག་རྒྱང་ཇེ་རིང་དུ་གཏོང་བ་དང་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་རམ་འདེགས་བྱེད་ཐུབ་ཀྱིན་ཡོད།

དོ་ཕ་ཨེན་གྱོན་པ་ཞེས་པ་དེ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་མིན་དང་འབྲེལ་ཞིང་། དོ་ཕ་ཨེན་གྱོན་པ་ཞེས་པའི་ཐ་སྙད་དེ་ཡང་དར་སྲོལ་སེམས་ཁམས་རིག་པ་བ་ཞིག་གིས་གསར་གཏོད་བྱས་པ་རེད། སེམས་ཁམས་མི་སྐྱིད་པའི་སྐབས་སུ། མོས་བྱེད་ཐབས་ཅི་རིགས་བཀོལ་ནས་སེམས་ཁམས་སྐྱིད་པོ་ཡོང་བར་འབད་པ་བྱས། ཉིན་ཞིག་མོས་གློ་བུར་དུ་གྱོན་ཆས་སྡེབ་སྒྲིག་བྱས་ན་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པ་ཚོར་བས། དོ་ཕ་ཨེན་གྱོན་པ་ཞེས་པའི་ཐ་སྙད་དེ་བྱུང་བ་རེད།

དོ་ཕ་ཨེན་གྱོན་པ་ཡི་སྲོག་ཤིང་ནི་ཁ་དོག་རྣམ་པར་བཀྲ་བ་དེ་ཡིན་ལ། ཁ་དོག་ཡག་པོ་ཡིས་མཐོང་ལམ་གསལ་ཞིང་སེམས་ལ་ངར་ཤུགས་སྦྱིན་ཐུབ། ཁ་དོག་སེམས་ཁམས་རིག་པའི་ཞིབ་འཇུག་ལྟར་ན། “མི་ལ་ཚོར་སྣང་དང་པོ་སྟེར་མཁན་ནི་མཐོང་ལམ་ཡིན་ལ། མཐོང་ལམ་ལ་ཤུགས་རྐྱེན་ཆེས་ཟབ་པ་ནི་ཁ་དོག་ཡིན་ནོ།།”ཁ་དོག་གིས་མིའི་མཐོང་ལམ་ལ་ཕོག་ཐུག་བཏང་བར་བརྟེན་ནས་སེམས་ཁམས་ལ་ཤུགས་རྐྱེན་བཟོ་སྲིད། དེ་ལས་གཞན་ད་རུང་རྣམ་པ་མི་འདྲ་བའི་རི་མོ་དང་བཟོ་དབྱིབས་ཀྱིས་ཀྱང་མིའི་མཐོང་ལམ་ལ་ཤུགས་རྐྱེན་ཐེབས་ཏེ། དོ་ཕ་ཨེན་ཟགས་ཐོན་ཡོང་བར་སྐུལ་འདེད་བཏང་ནས་མིའི་སེམས་ཁམས་ལ་སྐྱིད་སྣང་འབྱུང་བར་བྱེད་ཐུབ།

མི་ལ་ལས་དོ་ཕ་ཨེན་གྱོན་ཆས་ལ་དགའ་བསུ་ཐོབ་དོན་ནི། དེའི་བཀྲག་མདངས་དང་བཟོ་དབྱིབས་སོགས་ཀྱིས་དྲང་ཕྱོགས་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཀྱིན་ཡོད་པས། སེམས་ཁམས་སྙོམས་སྒྲིག་གི་ནུས་པ་ཐོན་པར་འདོད་ཀྱིན་ཡོད།

འཚོ་བའི་གོམས་འགྲོས་གློག་ལྟར་མྱུར་བའི་དེང་གི་དུས་འདིར། ལྡོག་ཕྱོགས་ཀྱི་སེམས་ཁམས་དང་གཏན་དུ་བྲལ་ཏེ། བབ་ཆགས་ཀྱི་སྤྲོ་སྣང་ཞིག་ཉམས་སུ་མྱོང་རྒྱུ་ནི་ཀུན་གྱི་ཕུགས་འདུན་ཡིན་པས། ད་ལོའི་དབྱར་ཁར་ང་ཚོས་ཀྱང་དོ་ཕ་ཨེན་འཛོམས་པའི་དབྱར་གཞུང་ཞིག་ལོངས་སུ་སྤྱད་ན་ཅི་འདྲ་རེད། །

རྩོམ་སྒྲིག་པ། འབྲུག་མོ།