ནོར་འཁྲུལ་དང་པོ། བང་ནང་དུ་འདུག་ན་ཉལ་ཁྲིའི་སྟེང་ཟླ་གཅིག་ལ་ཉལ་དགོས་པ། རང་རྒྱལ་གྱི་དམངས་ཁྲོད་དུ་བུད་མེད་ཀྱིས་བྱིས་པ་བཙས་རྗེས་ཟླ་གཅིག་ལ་སྒོ་ཕྱིར་མི་འགྲོ་བར་ངེས་པར་དུ་ཁྱིམ་ནས་ཟླ་ངོ་ཧྲིལ་པོ་གཅིག་ལ་བཏུམས་དགོས་ལ་ཉིན་གཅིག་ཀྱང་ཆད་མི་རུང་། བྱིས་པ་ཟླ་ཁ་གང་བའི་ཉིན་དེར་ད་གཟོད་སྒོ་ཕྱིར་འབུད་པ་ཡིན། འདི་ལ་བང་ནང་དུ་འདུག་པ་དང་ཟླར་འདུག་པ་ཟེར། སྲོལ་རྒྱུན་གྱི་བང་ནང་དུ་འདུག་པ་ལ་དོ་སྣང་བྱེད་ས་ཤིན་ཏུ་མང་། དཔེར་ན་ཆུ་འཁྱག་ལ་མི་རེག་པ། སོ་མི་བཀྲུ་བ། ལུས་མི་འཁྲུ་བ། སྒེའུ་ཁུང་མི་ཕྱེ་བ། སྔོ་ཚོད་དང་སིལ་ཏོག་མི་ཟ་བ། ཐ་ན་ཉལ་ཁྲི་ལས་འབབ་ཏུ་མི་འཇུག་པ། ནམ་ཟླ་ཇི་འདྲའི་ཚ་བ་ཆེ་རུང་གོན་པ་མཐུག་པོ་གྱོན་དགོས། མགོ་ལ་ངེས་པར་དུ་ཞྭ་གོན་པ་དང་ཡང་ན་སྐེ་དཀྲིས་ཀྱིས་བཏུམས་ནས་རླུང་འཁེལ་བར་འཛེམ་དགོས། འདི་ལ་ཟླ་བཏུམས་པའང་ཟེར། དོན་དངོས་སུ་བྱེད་སྟངས་འདི་ཚང་མ་ཚན་རིག་དང་མི་མཐུན་ལ་ནོར་འཁྲུལ་ཞིག་ཡིན་པས། བྱིས་པ་རློན་ནུ་དང་བང་མར་ཕན་པ་མེད་པར་གནོད་པ་ཡོད།
ཟླ་ནང་དུ་ལུས་བཏུམས་པ་ནི་ཚན་རིག་དང་ཧ་ཅང་མི་མཐུན་པའི་བྱེད་ཐབས་ཤིག་ཡིན། འདི་ལྟར་བྱས་ན་རྔུལ་ཆུ་ཕྱིར་ཕུད་མི་ཐུབ་ཅིང་ལུས་སྟེང་གི་ཚ་དྲོད་ཀྱང་ཕྱིར་ཕུད་མི་ཐུབ། ལྷག་པར་དུ་དབྱར་གཞུང་དུ་ཚབས་ཆེ་ན་ཚད་པའང་ཕོག་སྲིད། གལ་ཏེ་ལུས་བཏུམས་པའི་གནས་ཚུལ་འདི་མྱུར་དུ་མྱུར་དུ་མ་བསྒྱུར་ན་ཉེན་ཁ་ཤིན་ཏུ་ཆེ། དགུན་དུས་ཡིན་ཡང་དེ་འདྲའི་བཏུམས་མི་རུང་བར་ཁང་བར་རླུང་རྒྱུ་བར་བྱས་ཏེ་མཁའ་དབུགས་གཙང་མ་ཡོང་དུ་འཇུག་དགོས། བང་མ་འདུག་སའི་ཁང་བ་ཆེ་དགོས་པར་ལྷིང་འཇགས་དང་གཙང་མ་རླུང་རྒྱུ་བ་བཟང་དགོས། དབྱར་དུས་ཚད་པ་དང་དགུན་ཁར་ཆམ་པ་ཕོག་པ་སྔོན་འགོག་བྱེད་དགོས། ཉིན་རེར་ཉུང་མཐར་ཡང་སྒེའུ་ཁུང་གི་དྲ་མ་ཕྱེ་ནས་དུས་ཚོད་གཅིག་ཡས་མས་སུ་རླུང་རྒྱུ་རུ་བཅུག་ནས་མཁའ་དབུགས་གསར་བ་བརྗེ་དགོས། མཁའ་དབུགས་གསར་བ་ནི་ངལ་གསོ་བ་དང་བདེ་ཐང་གསོ་བར་ཕན་པ་ཡོད།
ནོར་འཁྲུལ་གཉིས་པ། ཟླ་ནང་དུ་སོ་བཀྲུས་ན་སོ་ན་ངེས་ཡིན་ཟེར། མི་ལ་ལས་བཤད་རྒྱུར་བང་མས་སོ་བཀྲུས་ན་ཕྱིན་ཆད་སོ་ན་བ་དང་སོ་འགུལ་ལ་ཐ་ན་སོ་ལྷུང་འགྲོ་བ་ཡིན་པ་སོགས་ཀྱི་བཤད་ཚུལ་མང་། དོན་དངོས་སུ་བཤད་ཚུལ་འདི་ལ་ཚན་རིག་གི་ཁུངས་འདེད་ས་ཅི་ཡང་མེད། སྦྲུམ་མས་བྱིས་པ་བཙའ་སྐབས་ལུས་ཤུགས་བསྐྱེད་དྲགས་པས་ནད་ལྗིད་མོ་ཞིག་བྱུང་བ་དང་འདྲ་བར་ལུས་སྟོབས་ཉམས་ཤིང་ནད་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ། ཁ་ནང་མ་བཀྲུ་བའི་དབང་གིས་བྱུང་བའི་ནད་བསྐྱེད་ཕྲ་སྲིན་ལུས་སྟེང་དུ་ཁྱབ་ནས་ནད་འབྱུང་སླ་བ་ཡིན། སྦྲུམ་མའི་ལུས་ཕུང་སླར་སོས་སུ་འཇུག་ཆེད་བང་ནང་དུ་འདུག་སྐབས་འཚོ་བཅུདcདང་མངར་ཆ། སྤྲི་དཀར་བཅས་འདུས་ཚད་མཐོ་བའི་བཅུད་ལྡན་ཟས་རིགས་བསྟེན་པ་དང་། ལྷག་པར་དུ་གོར་སོབ་སོགས་མངར་ཟས་ཟོས་རྗེས། སོ་མ་བཀྲུས་ན་ཟས་རིགས་འདི་དག་སོ་བར་ནས་ལུས་ཏེ་སྐྱུར་ལངས་ན། སོ་རྙིལ་ནང་གི་གཏེར་རྫས་ལིན་དང་ཀལ་ཐོར་ནས་སོ་ཡི་སྤུས་ཀ་ཇེ་སྙིར་འགྲོ་བ་དང་། ཁ་ནང་མ་བཀྲུས་པའི་དབང་གིས་ནད་བསྐྱེད་ཕྲ་སྲིན་གྱིས་སོ་སྙིལ་གཉན་ཚད་དང་སོ་མཐའ་གཉན་ཚད་སོགས་བྱུང་ནས་འབུས་ཟ་བའི་སོ་ནད་མང་པོ་འབྱུང་དུ་བཅུག་པ་རེད། དེ་བས་སྦྲུམ་མས་ཟླ་ནང་དུ་འདུག་དུས་སོ་མི་བཀྲུ་བ་དེ་ནི་ནོར་འཁྲུལ་ཞིག་ཡིན།
ནོར་འཁྲུལ་གསུམ་པ། བང་མས་ལུས་ཕུང་བཀྲུས་ན་རླུང་ཕོག་སྲིད་ཟེར། སྲོལ་རྒྱུན་གྱི་འདུ་ཤེས་ལྟར་ན། བང་ནང་དུ་འདུག་དུས་ལུས་ཕུང་བཀྲུ་མི་རུང་ལ་ལུས་ཕུང་བཀྲུས་ན་རླུང་ཕོག་འགྲོ་ཟེར་བ་འདི་ཡང་ཚན་རིག་པ་མཐུན་པ་ཞིག་གཏན་ནས་མིན། བྱིས་པ་བཙས་རྗེས་བང་མར་རྔུལ་ཆུ་མང་ལ། ནུ་ཞོ་འབབ་པ། སྐྱེ་ལམ་ནས་སྙིགས་ཁུ་མཚམས་མི་ཆད་པར་འབུད་པས། རྒྱུན་ལྡན་ལས་ཀྱང་གཙང་སྦྲར་དོ་སྣང་བྱེད་དགོས། སྤྱིར་བཏང་དུ་བཤད་ན་རྒྱུན་ལྡན་དུ་བང་མས་བཙས་གཞུག་གི་དུས་ཚོད་ཉེར་བཞི་འགོར་རྗེས་ལུས་པོ་བཀྲུས་ཆོག དོན་དངོས་སུ་ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་སོ་སོའི་བང་མ་ཚོས་བང་ནང་དུ་ལུས་པོ་བཀྲུ་བཞིན་ཡོད་པས་མི་འཕྲོད་ས་གཅིག་ཀྱང་མེད། ང་ཚོས་ཕྱི་གླིང་བས་བྱིས་པ་བཙས་རྗེས་འཛེམ་བྱ་གཅིག་ཀྱང་མེད་ཟེར་བ་དེ་གོ་ཐོས་ཡོད་ཀྱང་སྲིད། ཁོ་ཚོས་བལྟས་ན་བྱིས་པ་བཙའ་བ་ནི་དཔེར་ན་སྡོང་མགོའི་སིལ་ཏོག་སྨིན་ནས་རང་བཞིན་དུ་ལྷུང་ཡོང་བ་དང་མཚུངས་པར་འདོད་ཡོད། འདི་ནི་ང་ཚོས་བཤད་སྲོལ་གྱི་འབྲས་བུ་སྨིན་ན་ཐང་ལ་ལྷུང་ཟེར་བའི་རང་བྱུང་གི་དོན་དངོས་ཤིག་ཡིན། །
《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས།
རྩོམ་སྒྲིག་པ། འབྲུག་མོ།