རྒྱལ་ཁབ་རིམ་པའི་སྨན་བཅོས་འཛུགས་སྐྲུན་རྣམ་གྲངས་གཉིས་ལ་རྨང་རྡོ་བཏིང་།
2023.07.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས(དུས་ཐེངས་དང་པོ)དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་འཕྲལ་སྡོམ་གསོ་རིག་རོགས་སྐྱོར་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ནས་རྨང་རྡོ་འདིང་བའི་མཛད་སྒོ་བསྡུས།

རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་དང་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་།    མང་ཚོགས་རྣམས་ས་ཁོངས་བརྒལ་ནས་སྨན་པར་སྟོན་པ་དང་།    ནད་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ།    “ནད་གཞི་ལྕི་མོ་ཕོག་ཀྱང་ཞིང་ཆེན་ཕྱི་རུ་འགྲོ་མི་དགོས་པ”བཅས་ཀྱི་དམངས་འཚོའི་བྱེད་ཐབས་གལ་ཆེན་ཞིག་རེད།     མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཅིག་སྡུད་བྱེད་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཞིང་། རིམ་པ་སོ་སོའི་སྨན་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཆུ་ཚད་ཀྱི་བར་ཐག་ཇེ་ཆུང་དུ་གཏོང་བ་སོགས་ས་ཁུལ་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་བདེ་ཐང་འགན་ལེན་བྱ་རྒྱུ་རེད།     མཚོ་སྔོན་རྒྱལ་ཁབ་ཀྱི་འཕྲལ་སྒྲུབ་གསོ་རིག་རོགས་སྐྱོར་རྟེན་གཞི་བཙུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཐོལ་བྱུང་དོན་རྐྱེན་དང་གནོད་འཚེ་ལ་ཁ་གཏད་གཅོག་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་འཕྲལ་སྡོམ་གསོ་རིག་རོགས་སྐྱོབ་བྱེད་པའི་སྟེགས་བུ་ཤིག་ཏུ་གྱུར་ཏེ། ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་མགྱོགས་མྱུར་ངང་དང་ལེན་བྱས་ནས་ཕན་འབྲས་ཆེ་བའི་མཐུན་སྦྱོར་དང་སྐྱོབ་བཅོས་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས(དུས་ཐེངས་དང་པོ)ཀྱི་འཛུགས་སྐྲུན་རྣམ་གྲངས་ནི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་དེ་ཕྱིར་གཏོང་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གཞི་རྟེན་དུ་བྱས་ཏེ། སྨན་ཁང་དང་འཛུགས་སྐྲུན་སྡེ་ཁག་མཉམ་འབྲེལ་སྒོས་འཛུགས་སྐྲུན་ལས་དོན་སྤེལ་བ་ཞིག་རེད།     མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་འཕྲལ་སྡོམ་གསོ་རིག་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་སྒྲུབ་འགན་འཁུར་ཞིང་། རྣམ་གྲངས་དེ་གཉིས“བསམ་བློ་གཅིག་གྱུར་དང་ཁྱོན་ཡོངས་གཅིག་གྱུར་འཆར་འགོད”ཀྱི་རྩ་དོན་ལྟར་མཉམ་འདྲེས་དམ་ཟབ་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་བྱ་རྒྱུ་རེད།

“རྣམ་གྲངས་དེ་གཉིས་མཉམ་འདྲེས་འཛུགས་སྐྲུན་བྱེད་པ་ནི་མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བའི་གནད་དོན་ཐག་གཅོད་དང་མང་ཚོགས་ལ་ཕན་པ་ཐོབ་པའི་དམངས་འཚོའི་བཟོ་འགོད་ཅིག་ཡིན་ལ།    རིམ་དབྱེའི་སྨན་བཅོས་རྣམ་པ་འཛུགས་པ་དང་སྨན་བཅོས་བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་སྲིད་སྐྱོང་བཟོ་འགོད་ཅིག་ཀྱང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱེད་པར་སྔར་བས་སྐུལ་འདེད་བཏང་ཞིང་། སྨན་བཅོས་ཞབས་ཞུའི‘ཚད་གཞི་མཐོ་པོར’ འཛུགས་སྐྲུན་བྱེད་པའི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན” ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཡོན་ཀྲང་ཀྲང་ཆང་གིས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བཟོ་འགོད་བདེ་འཇགས་དང་སྤུས་ལེགས།    ཕན་འབྲས་མཐོ་བ་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་འགན་ལེན་བྱས་ཏེ། སྨན་བཅོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།

ཤེས་གསལ་ལྟར་ན།    ཐེངས་འདིའི་རྣམ་གྲངས་དེ་གཉིས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི11.72ཟིན་ཞིང་།    ནད་པའི་ཉལ་ཁྲི800བཀོད་སྒྲིག་བྱས་ནས་སྨན་བཅོས་ལག་རྩལ་གྱི་ཁང་པ་དང་།    ཞག་སྡོད་ཁང་པ།    འཕྲལ་སྡོམ་སྨན་བཅོས་ལག་རྩལ་གྱི་ཁང་པ།    ནད་གཞི་ལྕི་བའི་ལྟ་སྐྱོང་ནད་ཁང་དང་དེ་མིན་གཞོགས་འདེགས་ཀྱི་ཁང་པ་སྣ་ཚོགས་བཅས་བསྐྲུན་ནས2025ལོའི་ལོ་མཇུག་སྔོན་ལ་ལེགས་པར་གྲུབ་ནས་སྤྱོད་མགོ་རྩོམ་རྒྱུ་རེད།   །

རྩོམ་སྒྲིག་པ། འབྲུག་མོ།