རྒན་པའི་ལུས་ཁམས་གསོ་བའི་ཐད་ཀྱི་རྒྱུན་ཤེས།
2023.07.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག རྒན་པ་རྣམས་ཞོགས་པར་མལ་ལས་ལངས་རྗེས་མྱུར་དུ་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་རྒྱུ་བརྗེད་མི་རུང་། དེ་ནི་ཆེས་སྟབས་བདེ་བའི་ཁམས་གསོ་ཐད་ཀྱི་རྒྱུན་ཤེས་ཤིག་ཡིན། རྒྱུ་མཚན་ནི་རྒན་པ་རྣམས་ཞག་གང་བོར་གཉིད་རྗེས་ལུས་སྟེང་གི་ཆུ་ཧའོ་ཧྲེང500ཙམ་ཤོར་ཡོད་པས། ཞོགས་པར་མལ་ལས་ལངས་རྗེས་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་ནས་དུས་ཐོག་ཏུ་ལུས་པོར་ཆུ་ཁ་གསབ་བྱས་ཏེ། ལུས་དྲོད་ཇེ་མཐོར་གཏོང་དགོས། ལུས་དྲོད་ཏུའུ་གཅིག་རེ་ཇེ་མཐོར་སོང་ན་རྙིང་ཚབ་གསར་བརྗེ་བྱེད་ཚད10%ཇེ་མང་དུ་འགྲོ་བས། རྒན་པ་རྣམས་ཞོགས་པར་མལ་ལས་ལངས་རྗེས་ཆུ་དྲོན་ཕོར་བ་གང་འཐུང་ན་ཕན་པ་ཆེན་པོ་ཡོད།

གཉིས། རྒན་པ་རྣམས་ཀྱིས་གཟའ་འཁོར་རེར་ཉུང་མཐའ་ཡང་ཚོད་ཁུ་ཐེངས་གསུམ་རེ་འཐུང་ན་བདེ་ཐང་ལ་ཕན་པ་ཡོད། གཟའ་འཁོར་རེར་ཚོད་ཁུ་དང་ཡང་ན་སིལ་ཁུ་ཐེངས་གསུམ་རེ་འཐུང་ན་ཧོན་ལོག་པའི་ཚད་ཇེ་ཉུང་དུ་གཏོང་ཐུབ། རྒན་པ་རྣམས་ད་རུང་ཉིན་རེར་སྐར་མ་བཅོ་ལྔའི་རིང་ཉི་མར་ལྡེ་དགོས་ལ། ཉི་མར་ལྡེ་ན་ལུས་པོར་འཚོ་བཅུདDམང་པོ་འབྱུང་ཞིང་། འཚོ་བཅུདDལ་འབྲས་སྐྲན་འགོག་པའི་ནུས་པ་ལྡན།

གསུམ། རྔུལ་ཆུ་འོས་འཚམ་བཞུར་ན་ལུས་ཕུང་བདེ་ཐང་ཡོང་བ་རེད། རྒན་པ་རྣམས་ཀྱིས་ལུས་སྦྱོང་བྱེད་སྐབས་རྔུལ་ཆུ་འོས་འཚམ་བཞུར་དུ་འཇུག་དགོས། རྔུལ་ཆུ་བཞུར་ན་ལུས་སྟེང་གི་དུག་རྒྱུ་འདོར་ཐུབ་པ་དང་། རྒན་པ་རྣམས་ཉིན་རེར་དུས་ཚོད་ཕྱེད་ཀའི་རིང་འཆམ་འཆམ་དུ་འགྲོ་དགོས། བརྟག་དཔྱད་བྱས་པ་ལྟར་ན། ཉིན་རེར་རྐང་ཐང་དུ་འགྲོ་ཚད་ཧ་ཅང་དམའ་བའི་མིའི་ཤི་ཚད་ཤིན་ཏུ་མཐོ་བས། རྒན་པ་རྣམས་ཉིན་རེར་ཉུང་མཐའ་ཡང་དུས་ཚོད་ཕྱེད་ཀའི་རིང་ལ་རྐང་ཐང་དུ་སོང་ན་ད་གཟོད་ཚེ་ཐག་རིང་པོ་ཡོང་བར་ཕན།

བཞི། རྒན་པ་རྣམས་ཀྱིས་དགོང་མོའི་དུས་ཚོད་དགུའི་རྗེས་སུ་བཟའ་བཏུང་གང་ཡང་མ་བསྟེན་ན་བཟང་། ལུས་སྟེང་གི་ཚིལ་ཡོད་ཚད་ནམ་གུང་གི་དུས་ཚོད་གཉིས་ཡས་མས་སུ་གསོག་བཞིན་ཡོད་པས། ཟ་མ་བཟའ་འཕྱི་ན་འཇུ་ཡག་མིན་པའི་ཟས་རིགས་ཡོད་ཚད་ལུས་སྟེང་དུ་གསོག་ནས་ལུས་པོར་ཚོ་རྒྱས་སླ་ཞིང་། དེ་ལས་ལུས་ཁམས་བདེ་ཐང་ལ་ངན་ཤུགས་ཐེབས་སྲིད། རྒན་པས་ལུས་ཁམས་གསོ་བའི་ཐད་ཀྱི་ཤེས་བྱ་དེ་དག་ལ་རྒྱུས་ལོན་བྱས་ཏེ། བདེ་ཐང་གི་འཚོ་བ་དང་བཟའ་བཏུང་གི་གོམས་གཤིས་ལོབས་སུ་བཅུག་ན། ད་གཟོད་ཚེ་མཇུག་སྐྱིད་པོ་ཞིག་རོལ་ཐུབ།

ལུས་ཁམས་གསོ་བའི་ཐད་ཀྱི་འཛེམ་བྱ་གསུམ།

གཅིག རྒན་པ་རྣམས་ཙོག་ཡུན་རིང་མི་རུང་། ཙོག་པུར་འདུག་པ་ནི་ངལ་གསོ་ཐབས་ལེགས་པོ་ཞིག་ཡིན་མོད། འོན་ཀྱང་དུས་ཡུན་རིང་པོར་ཙོག་ན་ཤ་གནད་འཁུམ་འགྲོ་བ་རེད། དེ་བས་རྒན་པ་རྣམས་རང་ཉིད་དང་འཚམ་པའི་ཕྱི་རོལ་གྱི་འགུལ་སྐྱོད་ལ་ཞུགས་ཏེ། ཤ་གནད་སྦྱོང་བརྡར་བྱེད་པ་དང་ལུས་ཕུང་བདེ་ཐང་ཡོང་བར་འབད་དགོས།

གཉིས། རྒན་པ་རྣམས་ལངས་ཡུན་རིང་མི་རུང་། རྒན་པ་རྣམས་ཀྱིས་འགུལ་སྐྱོད་དང་འཇགས་རྣམ་ཟུང་འབྲེལ་བྱེད་པར་འབད་དགོས། གལ་ཏེ་འགུལ་སྐྱོད་གང་ཡང་མི་བྱེད་པར་གནས་གཅིག་ཏུ་ལངས་ཡུན་རིང་ན། རླུང་ཁམས་རྒྱུ་བར་ཤུགས་རྐྱེན་ཐེབས་ཏེ། ཕུང་གྲུབ་ཁ་ཤས་ལ་འཚོ་བཅུད་ཀྱིས་མི་འདང་བར་ནད་གཞི་སྣ་ཚོགས་འབྱུང་སྲིད།

གསུམ། རྒན་པ་རྣམས་ཀྱིས་དུས་ཡུན་རིང་པོར་དངོས་པོ་གང་ཞིག་ལ་ཅེར་ནས་འདུག་མི་རུང་། དུས་ཡུན་རིང་པོར་གནས་གཅིག་ཏུ་ཅེར་ནས་བསྡད་ན་མགོ་ཡུ་འཁོར་བ་དང་ཁྲག་འགག་པའི་གནས་ཚུལ་འབྱུང་སླ། དེ་བས་རྒན་པ་རྣམས་ཀྱིས་ཚགས་པར་དང་བརྙན་འཕྲིན་ལ་ལྟ་བའི་དུས་ཚོད་ཚོད་འཛིན་བྱེད་དགོས། རབ་ཡིན་ན་དུས་ཚོད་གཉིས་ཀྱི་ཡན་བརྒལ་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།