དབྱར་གནང་གི་སྐབས་སུ་བྱིས་པ་རྣམས་ལ་རྒྱང་སྒྲིབ་མིག་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
2023.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱིས་པ་རྣམས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་དབྱར་གནང་གཞི་ནས་སླེབས་ཡོད་པས། སྐབས་འདིར་བྱིས་པས་ལག་འཁྱེར་ཁ་པར་དང་གློག་ཀླད་ལ་བརྟེན་ནས་ལུས་སེམས་ལྷོད་གཡེང་བྱེད་ཀྱིན་ཡོད། ཡིན་ནའང་འདི་ནས་ཁྱིམ་བདག་རྣམས་ལ་དྲན་སྐུལ་བྱེད་རྒྱུ་ཞིག་ལ། དབྱར་གནང་གི་སྐབས་སུ་བྱིས་པར་རྒྱང་སྒྲིབ་མིག་ནད་འབྱུང་བར་སྔོན་འགོག་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་།

དེང་སྐབས་རྒྱང་སྒྲིབ་མིག་ནད་ནི་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་ཐང་གི་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་ཡོད། རྒྱང་སྒྲིབ་མིག་ནད་ལ་བཅོས་ཐབས་མེད་ཀྱང་བྱེད་ཐབས་འགའ་སྤྱད་ནས་སྔོན་འགོག་བྱེད་ཆོག

ཚོད་འཛིན་བྱེད་པའི་དུས་ཚོད་ནི་ལོ་གསུམ་ལོན་རག་བར་དུ་བྱིས་པས་གློག་རྡུལ་ཐོན་རྫས་ལ་རེག་མི་རུང་། ལོ་གསུམ་ནས་དྲུག་ལོན་རག་བར་དུ་བྱིས་པས་ད་དུང་ཅི་ཐུབ་ཀྱིས་གློག་རྡུལ་ཐོན་རྫས་མི་སྤྱོད་པར་བྱེད་དགོས། ལོ་བདུན་ནས་བཅུ་གཉིས་བར་གྱི་བྱིས་པས་ཉིན་རེར་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པའི་དུས་ཚོད་ནི་ཆུ་ཚོད་གཅིག་ལས་བརྒལ་མི་རུང་། ཐེངས་རེར་སྐར་མ་བཅོ་ལྔ་ལས་བརྒལ་མི་རུང་། གལ་ཏེ་སློབ་སྦྱོང་གི་དགོས་མཁོའི་དབང་གིས་དུས་ཡུན་རིང་བོར་མིག་བཀོལ་སྤྱོད་བྱེད་དགོས་ན། མིག་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས། བར་ཐག་ཉེ་སར་ཡུན་རིང་གྱེར་ནས་འདུག་སྐབས་དུས་ཡུན་སྐར་མ་ཉི་ཤུ་རེའི་ནང་དུ་མགོ་བོ་ཡར་རྒྱས་ནས་མིག་གིས་རྒྱང་རིང་ལ་བལྟ་དགོས།

བར་ཐག་ཚོད་འཛིན་བྱེད་པ། གལ་ཏེ་བྱིས་པ་རྣམས་ལ་དུས་ཚོད་ཐུང་ངུའི་ནང་དུ་འགུལ་རིས་ལ་བལྟ་རུ་འཇུག་ན། འཆར་ངོས་ཅུང་ཆེ་བའི་གློག་རྡུལ་ཐོན་རྫས་འདེམ་དགོས། སྔོན་ལ་གློག་བརྙན་སྟོན་ཆས་དང་། དེ་ནས་བརྙན་འཕྲིན། གློག་ཀླད། ལག་ཁྱེར་ཁ་པར་བཅས་རིམ་པ་བཞིན་འདེམ་དགོས། གློག་ཀླད་བཀོལ་སྐབས། གློག་ཀླད་ཀྱི་བརྙན་ཡོལ་རྒྱབ་ངོས་སྒེའུ་ཁུང་ལ་གཏད་ནས་མིག་དང་བརྙན་ཡོལ་གྱི་བར་ཐག་ལི་སྨི་ལྔ་བཅུ་ཡན་འཇོག་དགོས། བརྙན་ཡོལ་གྱི་དཀྱིལ་ངོས་མིག་གི་མཐོང་ལམ་འོག་གི་ལི་སྨི་བཅུ་ཡས་མས་ཡིན་དགོས། བརྙན་འཕྲིན་ལ་བལྟ་སྐབས་མིག་དང་བརྙན་འཕྲིན་གྱི་འཆར་ངོས་ལ་སྨི་གསུམ་ཡན་ཡོད་དགོས། བྱིས་པས་ལས་བྱ་འབྲི་བའམ་ཡང་ན་དཔེ་ཀློག་གི་སྐབས་སུ་འདུག་སྟངས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་དེ།

དཔེ་དེབ་དང་མིག་གི་བར་ཐག་ལ་ཁྲུ་གང་(ལི་སྨི་33)དང་། བྲང་ཁ་དང་ཅོག་ཙེའི་བར་ཐག་ལ་ཁུ་ཚུར་གཅིག་(ལི་སྨི6-8)སྨྱུ་གུ་འཛིན་སྐབས་སོར་རྩེ་དང་སྨྱུག་རྩེའི་བར་ཐག་ལ་ཚུན་གང་(ལི་སྨི3)བཅས་འཇོག་དགོས། ཉལ་ནས་དཔེ་ཆ་བལྟ་བའམ་ཡང་ན་རླངས་འཁོར་ནང་དུ་དཔེ་ཆ་བལྟ་བ་དང་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པ་སོགས་མི་རུང་།

སྒོའི་ཕྱི་རོལ་དུ་སོང་ནས་བྱ་འགུལ་སྤེལ་བའམ་འགུལ་སྐྱོད་བྱེད་པ་ནི་རྒྱང་སྒྲིབ་མིག་ནད་ཀྱི་སྣང་ཚུལ་སྔོན་འགོག་བྱེད་པའི་ཐབས་ལམ་བཟང་ཤོས་ཡིན་པས། ཉིན་རེར་སྒོའི་ཕྱི་རོལ་དུ་སོང་ནས་ཉི་འོད་འོག་གི་འགུལ་སྐྱོད་བྱེད་ཚད་དུས་ཚོད་གཉིས་ལས་མི་ཉུང་བའམ་ཡང་ན་གཟའ་འཁོར་རེར་རིམ་རྩིས་བྱས་ན་ཆུ་ཚོད་བཅུ་བཞི་ཙམ་ལ་འགུལ་སྐྱོད་བྱས་ན། ན་གཞོན་ལོ་ཆུང་ལ་རྒྱང་སྒྲིབ་མིག་ནད་འབྱུང་ཚད་བརྒྱ་ཆའི་བཅུའི་ཡན་ཇེ་དམའ་རུ་གཏོང་ཐུབ།  ཉི་འོད་མེད་པའི་ཕྱི་རོལ་དུ། བྱིས་པའི་མིག་ཟུང་གི་ངལ་དུབ་སེལ་བར་བྱས་ནས་རྒྱང་སྒྲིབ་མིག་ནད་སྔོན་འགོག་གི་ནུས་པ་ཐོན་དུ་འཇུག་ཐུབ།

གཉིད་དང་བཟའ་བཏུང་གི་ཕྱོགས་ལ་དོ་སྣང་ལེགས་པོ་བྱེད་དགོས། གཉིད་ཀྱིས་མ་འདང་ན་གསང་རྒྱུད་ཟགས་གཤེར་དང་། དབང་རྩ། རིམས་ཐར་སོགས་ཐབས་ལམ་མི་འདྲ་བའི་སྟེང་ནས་མིག་ལ་ཤུགས་རྐྱེན་ཐེབས་སྲིད་པས། བྱིས་པར་བཟའ་བཏུང་གི་འཚོ་བཅུད་འདང་དུ་འཇུག་དགོས་པ་དང་མཉམ་དུ་གཉིད་འདང་དུ་འཇུག་པའང་གལ་ཆེན་ཡིན། དེ་མིན་ད་དུང་མངར་ཆ་མང་བ་དང་ཚ་དྲོད་ཆེ་བའི་བཟའ་བཅའ་ཉུང་ཙམ་ཟ་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།