ན་ཟུག་མེད་པར་སྒལ་རུས་ལ་རུས་འཛེར་སྐྱེས་སམ།
2023.08.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྒལ་རུས་ལ་རུས་འཛེར་སྐྱེས་ཚེ། མི་རྣམས་ཀྱིས་རང་བཞིན་གྱིས་སྒལ་རུས་ལ་ན་ཟུག་སྐྱེ་ངེས་པར་བསམ་ལ། སྒལ་གཞུང་དུ་ན་ཟུག་ལྡང་བའི་ཚེ་ན་ཐོག་མར་རང་ཉིད་ལ་རུས་འཛེར་སྐྱེས་ཡོད་མེད་ལ་དོགས་པ་སྐྱེ་སྲིད། ཡིན་ནའང་། སྨན་པས་སྒལ་རུས་ལ་རུས་འཛེར་སྐྱེས་ཡོད་པར་ཐག་བཅད་ཚེ། མི་གང་དེས་ང་ལ་ན་ཟུག་སྐྱེ་རྒྱུ་མེད་པར་རུས་འཛེར་ཇི་ལྟར་སྐྱེས་སམ་སྙམ་ངེས།

སྒལ་རུས་སྐྱེ་བ་ལ་ནད་ཐོག་ཏུ་རྟགས་སྣ་ཚོགས་མཐོང་ལ། དེ་ལས་སྒལ་གཞུང་ན་བ་ནི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ཏེ། ནད་པ 91%ལ་ནད་རྟགས་དེ་ཐོན་ངེས། ནད་པ་ཉུང་ཤས་ལ་ད་གཟོད་བརླ་རྐང་ན་བ་ལས་སྒལ་གཞུང་མི་ན་བའི་ནད་རྟགས་མཐོང་བ་ཡིན། དེ་བས་སྒལ་རུས་སྐྱེས་པ་ལ་ངེས་པར་སྒལ་གཞུང་ན་སྲིད་པའི་ངེས་པ་མེད། ནད་པ་ཁ་ཤས་ལ་དང་ཐོག་སྒལ་གཞུང་ན་བ་དང་། དེ་ནས་བརླ་རྐང་ན་བར་གྱུར་ནས། སྒལ་གཞུང་གི་ན་ཟུག་ཡལ་འགྲོ་བའང་ཡོད་པ་རེད།

སྒལ་གཞུང་ན་བའི་རྒྱུ་རྐྱེན་གཙོ་བོ་ནི་སྒལ་ཚིགས་ཀྱི་མཐའ་འཁོར་དུ་ཡོད་པའི་ཚི་སྣའི་རིམ་པ་དང་ཆུ་རྒྱུས་ལ་ནང་གི་རྒྱུངས་པ་འབུར་བོས་ཕོག་ཐུག་བཟོས་ཤིང་། དེ་ཡང་གནས་དེའི་དབང་རྩར་འཕྲོས་ཏེ་སྐེད་སྨད་ལ་ན་ཟུག་ལྡང་བ་ཡིན། སྒལ་གཞུང་ལ་ན་ཟུག་ལངས་ཚེ། ཁབ་ཀྱིས་གཙགས་པ་ལྟ་བུའི་ན་ཟུག་འབྱུང་ལ། ཞོར་དུ་སྦྲིད་སྣང་དང་སྐྲང་སྣང་ཡང་འབྱུང་། སྐབས་རེར་ན་ཟུག་འཚང་ཁོག་རྒྱབ་ཏུ་འཕྲོས་པའང་ཡོད། ན་ཟུག་གི་ཆེ་ཆུང་ཡང་མི་རེའི་ལུས་ཕུང་མི་འདྲ་བའི་དབང་གིས་ཁྱད་པར་ཆེ་ལ། ན་ཟུག་ཆུང་ན་མུ་མཐུད་དུ་ལས་ཀ་བྱས་ཆོག་ཀྱང་རྩོལ་ལས་དྲག་པོ་བྱེད་མི་རུང་། ན་ཟུག་ཆེ་བ་ལ་བཟོད་དཀའ་བ་དང་འགྲེ་ལོག་རྒྱག་དཀའ་བ། ཟུག་འཇོམས་སྨན་གྱིས་གོ་མི་ཆོད་པ། ཐ་ན་ཟུག་གཅོག་སྨན་ཁབ་བསྟེན་དགོས་པའི་ཚད་ལ་བསླེབ་ངེས།

སྒལ་རུས་སྐྱེ་བ་ནི་མང་ཆེ་བ་སྒལ་ཚིགས་བཞི་པ་དང་ལྔ་པ། རྔ་ཚིགས་དང་པོ་བཅས་སུ་འབྱུང་བ་ཡིན། འཕོངས་རུས་དབང་རྩའི་གྲུབ་ཆ་གཙོ་བོ་ནི་ཏག་ཏག་རུས་ཚིགས་དེ་དག་དང་འབྲེལ་ཡོད། དེ་བས་སྒལ་རུས་སྐྱེས་པའི་ནད་པ་རྣམས་ལ་རྒྱུན་པར་འཕོངས་རུས་དབང་རྩ་ན་བའི་ནད་རྟགས་མཐོང་། གཞན་དུ་མཉམ་འཇོག་དགོས་པ་ཞིག་ཡོད་པ་ནི་སྒལ་རུས་སྐྱེ་བའི་གནད་འགའ་ཞིག་ནི་རྒྱུངས་རྩ་དང་མཐའ་འཁོར་གྱི་དབང་རྩར་འབྲེལ་ཡོད་པས། སྒལ་རུས་ཀྱི་ན་ཟུག་དེ་དེ་འདྲའི་གསལ་པོ་མིན་ལ། ནད་པ་དང་སྨན་པ་གཉིས་ཀས་ངོས་མི་ཟིན་པའི་དུས་ཀྱང་ཡོད།

སྒལ་རུས་ལ་ན་ཟུག་ལྡང་ནའང་། དེ་མ་ཉིད་དུ་རང་ཉིད་ལ་རུས་འཛེར་སྐྱེས་ཡོད་པར་སྙམ་ནས་སེམས་ཁྲལ་བྱེད་མི་དགོས་ཏེ། སྒལ་རུས་ཀྱི་ན་ཟུག་ལ་རྒྱུ་རྐྱེན་ཤིན་ཏུ་མང་། རུས་འཛེར་སྐྱེས་པ་ལས་གཞན་ད་རུང་ནད་གཞན་ལའང་དེ་འདྲའི་ནད་རྟགས་ཐོན་པས། སྨན་པས་ངོས་འཛིན་གསལ་པོ་བྱེད་དགོས། དུས་ཡུན་རིང་པོར་འདུག་སྟངས་རྣམ་པ་གཅིག་རྒྱུན་འཁྱོངས་བྱས་པའམ་ཡང་ན་འགུལ་སྐྱོད་བྱས་ཉེས་ཐེབས་ཏེ། སྒལ་ཤ་ལ་རྨས་ཕོག་པ་ཡིན་ནའང་སྒལ་གཞུང་ལ་ན་ཟུག་ལྡང་བ་ཡིན། རྒན་པ་མང་པོའི་ལོ་ཆེ་བ་དང་རུས་པ་སོབ་སོབ་ཏུ་གྱུར་པའི་དབང་གིས། འགུལ་སྐྱོད་ཕྲན་ཙམ་གྱིས་ཀྱང་སྒལ་ཚིགས་ལ་བརྡབས་སྐྱོན་ཐེབས་པའི་ཉེན་ཁ་ཆེ་ལ། རང་བཞིན་གྱིས་སྒལ་གཞུང་ལ་ན་ཟུག་ཀྱང་ལྡང་བ་ཡིན།

གལ་ཏེ་སྒལ་གཞུང་ལ་ན་ཟུག་ཡང་ཡང་ལྡང་བ་དང་། ན་ཟུག་ལྡང་བའི་དུས་ཡུན་ཅུང་རིང་ན། མྱུར་དུ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་འོས། སྨན་པས་ནད་རྒྱུས་དང་ནད་རྟགས། བརྟག་དཔྱད་ཀྱི་མཇུག་འབྲས་སོགས་ལ་བལྟས་ནས་ནད་གཞི་ངོས་བཟུང་ཆོག། དེ་བས་ནད་པས་རང་གིས་འོལ་ཚོད་མི་བྱ་བ་དང་ནད་བབ་ལ་འགོར་འགྱངས་མི་གཏོང་བར་གལ་ཆེ། །

རྩོམ་སྒྲིག་པ། འབྲུག་མོ།