རྒྱུད་འདེད་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱས་ཏེ། མི་རབས་རྗེས་མའི་བདེ་ཐང་ལ་དོ་སྣང་བྱེད་དགོས།
2023.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བདེ་ཐང་གི་བྱིས་པ་ཞིག་སྐྱེས་རྒྱུ་ནི་ཁྱིམ་ཚང་དང་ཐ་ན་སྤྱི་ཚོགས་ཡོངས་ལ་མཚོན་ནས་བཤད་ནའང་ཧ་ཅང་གལ་ཆེན་ཞིག་རེད། 《ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་པར་འགོག་བཅོས་བྱེད་པའི་སྙན་ཞུ》ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཚད་དེ་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་ཡས་མས་ཙམ་ཡིན་པ་དང་། ལོ་རེར་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཧ་ལམ་འབུམ་དགུ་ཙམ་གསར་དུ་འབྱུང་བཞིན་ཡོད། ཧི་ནན་ཞིང་ཆེན་ནི་མི་གྲངས་མང་བའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་པར་འགོག་བཅོས་བྱེད་པའི་ལས་འགན་ཧ་ཅང་ལྗིད། ཡིན་ནའང་དབང་བོ་སྐྱོན་ཅན་དུ་འགྱུར་བའི་རྒྱུ་རྐྱེན་དེ་ཧ་ཅང་རྙོག་འཛིང་ཡིན་མོད། མིག་སྔར་རྒྱུད་འདེད་རང་བཞིན་དང་ཡང་ན་དེ་དང་འབྲེལ་བའི་རྒྱུ་རྐྱེན་གཞན་དག་གིས་བསླངས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཚད་དེས་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ཙམ་ཟིན་ཡོད།

“གསོ་རིག་གི་རྒྱུད་འདེད་རིག་པའི”ཁྲོད། “རྒྱུད་འདེད”ནི་ལུས་སྟེང་གི་རྒྱུད་འདེད་རྫས་ཀྱི་འགྱུར་ལྡོག་གིས་འབྲེལ་ཡོད་ཀྱི་རྣམ་པར་འགྱུར་ལྡོག་བྱུང་དུ་བཅུག་པའམ་ནད་བསླངས་པ་ཡིན་ཞིང་། བྱིས་པས་ཕ་མ་གཉིས་ཀྱི་ལུས་སྟེང་གི་རྒྱུད་འདེད་དངོས་རྫས་ཀྱི་ཕྱེད་ཀ་རེ་རྒྱུད་འཛིན་བྱས་ཡོད་མོད། ཡིན་ནའང་སྦྲུམ་བུ་འཚར་སྐྱེས་འབྱུང་བའི་གོ་རིམ་ཁྲོད་བུལ་རྨང་ཆ་མི་འདྲ་བ་རྣམས་ཡང་བསྐྱར་མཉམ་སྡེབ་བྱེད་དགོས་པས། མ་གཞིར་རྒྱུན་ལྡན་ཡིན་པའི་རྒྱུད་འདེད་དངོས་རྫས་དེ་ལའང་འགྱུར་ལྡོག་འབྱུང་སྲིད། གལ་ཏེ་མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མར་ཚབས་ཆེ་བའི་ནད་དུག་གི་རེད་པ་བྱུང་ཚེ། སྦྲུམ་བུ་ཡ་མ་གཟུགས་སུ་བསྒྱུར་སྲིད། དེ་བས་མངལ་སྦྲུམ་པར་གྲ་སྒྲིག་བྱེད་བཞིན་པའི་ཕ་མ་རྣམས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་པར་ངེས་པར་དུ་གཟབ་གཟབ་བྱེད་དགོས།

གཅིག མངལ་སྦྲུམ་པར་གྲ་སྒྲིག་བྱེད་བཞིན་པའི་ཕ་མ་ཟུང་གིས་རིམ་པ་དང་པོའི་སྔོན་འགོག་གི་བྱེད་ཐབས་བཀོལ་ནས་དབང་བོ་སྐྱོན་གྱི་བྱིས་པ་སྐྱེས་པར་གཡོལ་ཐབས་བྱེད་དགོས།

མངལ་སྦྲུམ་པར་གྲ་སྒྲིག་བྱེད་བཞིན་པའི་ཁྱོ་ཤུག་ཟུང་གིས་ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ་དང་། དུ་བ་གཅོད་པ། ཆང་ཉུང་འཐུང་བྱེད་པ། ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་པ། མངལ་མ་སྦྲུམ་གོང་དུ་སྲོལ་རྒྱུན་ལྟར་ཞིབ་བཤེར་བྱེད་པ། ད་དུང་རྒྱུད་འདེད་ལེགས་སྐྱེས་ཚན་ཁག་ཏུ་སོང་ནས་རྒྱུད་འདེད་ལེགས་སྐྱེས་ཕྱོགས་ཀྱི་བློ་འདྲི་བཅས་བྱེད་དགོས། ཁྱིམ་རྒྱུད་རང་བཞིན་ལ་མངལ་སྦྲུམ་པའི་སྐབས་སུ་མི་ལེགས་པའི་གནས་ཚུལ་བྱུང་མྱོང་བའི་ལོ་རྒྱུས་ཡོད་ན་ལྷག་ཏུ་མཉམ་འཇོག་བྱེད་དགོས། ཕར་བལྟས་ཚོད་ཀྱིས་ཡོད་ཚད་རྒྱུན་ལྡན་ཡིན་པའི་ཁྱོ་ཤུག་གཉིས་ལ་མཚོན་ནའང་ལུས་སྟེང་དུ་མི་མངོན་པའི་ནད་བསྐྱེད་པའི་རྒྱུད་རྒྱུའམ་ཡང་ན་རྒྱུན་ལྡན་མིན་པའི་ཚོས་གཟུགས་གྲུབ་ཡོད་ངེས།

དཔེར་ན་འོན་པའི་རྒྱུད་རྒྱུ་དེ་རྒྱུན་མཐོང་ཚོས་གཟུགས་ཀྱི་མི་མངོན་པའི་རྒྱུད་འདེད་ནད་རིགས་ཤིག་ཡིན་ཞིང་། རྒྱུད་རྒྱུ་དེ་ལུས་སྟེང་དུ་གནས་ཡོད་ནའང་རྣའི་ཐོས་ཤུགས་ རྒྱུན་ལྡན་གྱི་མི་དང་གཅིག་མཚུངས་ཡིན། ཡིན་ནའང་གལ་ཏེ་ཁྱོ་ཤུག་གཉིས་ཀའི་ལུས་སྟེང་དུ་འོན་པའི་རྒྱུད་རྒྱུ་ཡོད་ཚེ། ཁོ་ཚོའི་བྱིས་པར་སྨན་རྫས་ལ་སོགས་ཀྱིས་ཕོག་ཐུག་ཐེབས་པའི་གནས་ཚུལ་འོག་རྣ་ཤུགས་ཉམས་ནས་འོན་པར་འགྱུར་བའི་ཉེན་ཁ་ཆེན་པོ་ལྡན། དེ་བས་མངལ་མ་སྦྲུམ་གོང་དུ་བརྟག་དཔྱད་ངོས་འཛིན་བྱས་ན་ཉེན་ཁ་དེ་དག་སེལ་ཐུབ། གལ་ཏེ་བྱིས་པ་སྐྱེས་ཟིན་ནའང་སྨན་པའི་ངག་བཀོད་ལྟར་ཚད་ལྡན་སྒོས་སྨན་བཅོས་བྱེད་ཐུབ་ཚེ་འོན་པར་འགྱུར་བའི་ཉེན་ཁ་མེད་པར་བཟོ་བའམ་ཡང་ན་ཉེན་ཁའི་ཚད་ཇེ་ཆུང་དུ་གཏོང་ཐུབ་པ་ཡིན།

ལུས་སྟེང་དུ་ཚོས་གཟུགས་དོ་མཉམ་ངང་གནས་པའི་མིའི་བྱད་གཟུགས་དང་རིག་སྟོབས། འཚར་སྐྱེས་བཅས་ཚང་མ་རྒྱུན་ལྡན་ཡིན་མོད། འོན་ཀྱང་མི་དེ་དག་ཕོ་མོ་སུ་ཞིག་ཡིན་རུང་རྒྱུན་ལྡན་གྱི་མི་དང་གཉེན་སྒྲིག་རྗེས། བུད་མེད་ཀྱིས་མངལ་སྦྲུམ་པའི་སྐབས་སུ་རྒྱུན་པར་ཡང་དང་བསྐྱར་དུ་མངལ་ཤོར་བ་དང་སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་བའི་ཉེན་ཁ་ཆེ་ལ། ཡང་བྱིས་པ་ལ་ལ་ཤིག་ཧ་ཅང་བདེ་ཐང་ཡིན་པ་རེད།

ཁྲག་སླའི་ནད་ཀྱང་རྒྱུད་འདེད་པ་ཡིན། སྤྱིར་བཤད་ན། ཨ་མ་ནི་ཁྲག་སླའི་ནད་ཀྱི་མི་མངོན་པའི་རྒྱུད་རྒྱུ་འཛིན་མཁན་ཡིན་ན། དེས་སྐྱེས་པའི་བྱིས་པ་དེ་ཕོ་ཞིག་ཡིན་ཚེ་དེ་ལ་ནད་དེ་འབྱུང་སྲིད་ཅིང་། བུ་མོ་ཞིག་ཡིན་ཚེ་མི་མངོན་པའི་རྒྱུད་རྒྱུ་འཛིན་མཁན་ཡིན་པ་མ་གཏོགས་ནད་དེ་དངོས་སུ་འབྱུང་མི་སྲིད།

ཡིན་ནའང་ནད་བསྐྱེད་པའི་རྒྱུད་རྒྱུའམ་ཡང་ན་ཚོས་གཟུགས་རྒྱུན་ལྡན་མིན་པའི་མི་ལ་མཚོན་ན། མིག་སྔའི་ཆེས་ལེགས་པའི་བྱེད་ཐབས་ནི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་བདམས་རྒྱུ་དེ་ཡིན། རྒྱུད་རྒྱུའི་ལྟེ་ལྷེབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྦྲུམ་བུའི་ཕྲ་ཕུང་ལ་རྒྱུད་རྒྱུ་ངོས་འཛིན་བྱས་ནས་ཐད་ཀར་དུ་བདེ་ཐང་གི་སྦྲུམ་བུ་སྤོར་འཛུགས་བྱས་ཆོག

གཉིས། མངལ་སྦྲུམ་པའི་སྐབས་སུ་རིམ་པ་གཉིས་པའི་སྔོན་འགོག་གི་བྱེད་ཐབས་སྤྱད་ནས་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཚད་ཇེ་ཉུང་དུ་གཏོང་དགོས།

བུད་མེད་ལ་མངལ་སྦྲུམ་རྗེས་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་བཙའ་འཁོར་དུས་ཡུན་ནང་གི་བདེ་སྲུང་ལག་དེབ་བླངས་ཏེ། དུས་ལྟར་སྨན་ཁང་དུ་སོང་ནས་བཙའ་འཁོར་དུས་ཡུན་ནང་གི་བདེ་སྲུང་དང་། སྒྲ་འདས་ཞིབ་བཤེར། དྭངས་ཁྲག་རིག་པའི་ཞིབ་བཤེར་སོགས་བྱེད་དགོས། དུས་མཚུངས་སུ་ད་དུང་རྒྱུད་འདེད་ལེགས་སྐྱེས་ཕྱོགས་ཀྱི་བློ་འདྲི་བྱས་ན། ཆེད་མཁས་སྨན་པས་སྦྲུམ་མའི་ལོ་ཚོད་དང་། ཁྱིམ་རྒྱུད་ཀྱི་གནས་ཚུལ། མངལ་སྦྲུམ་པའི་སྐབས་སུ་མི་ལེགས་པའི་གནས་ཚུལ་བྱུང་མྱོང་ཡོད་མེད་སོགས་ལ་དཔྱད་ཞིབ་བྱས་ནས། སྦྲུམ་མར་ཉེན་ཁ་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་ངེས།

བརྟག་དཔྱད་སྣ་ཚོགས་ཀྱི་ཁྲོད་ནས་སྦྲུམ་བུར་ཚབས་ཆེ་བའི་གནད་དོན་ཡོད་པ་ཤེས་ཚེ། སྨན་པས་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཞིག་མི་སྐྱེས་པའི་ཆེད་དུ་མངལ་ཤོར་དུ་འཇུག་དགོས་པའི་གྲོས་གཞི་འདོན་སྲིད། དེ་དག་ཚང་མ་ནི་སྔོན་འགོག་གི་བྱེད་ཐབས་ཡིན།

གསུམ། བྱིས་པ་རློན་ནུར་རིམ་པ་གསུམ་པའི་སྔོན་འགོག་གི་བྱེད་ཐབས་སྤྱད་ནས། བྱིས་པའི་ལུས་ཕུང་ཇེ་བཟང་དུ་གཏོང་དགོས།

བྱིས་པ་སྐྱེས་མ་ཐག་ཞིབ་ཏུ་བརྟག་དཔྱད་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། ཕྱོགས་གཅིག་ནས་བདེ་ཐང་མིན་པའི་བྱིས་པ་རང་སྟེང་ནས་བཤད་ན། ནད་གཞི་དེའི་སློང་རྐྱེན་གང་ཡིན་པ་སོགས་གསལ་བོར་ཤེས་ཚེ། དེ་དང་མཐུན་པའི་གསོ་བཅོས་བྱས་ན་ནད་བབ་ལ་ཚོད་འཛིན་བྱེད་ཐུབ། ཕྱོགས་གཞན་ཞིག་ནས། གལ་ཏེ་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཟིན་པའི་ཁྱིམ་ཚང་གིས་ཡང་བསྐྱར་བྱིས་པ་གཉིས་པ་སྐྱེས་འདོད་ཚེ། ཐོག་དང་པོར་སྐྱེས་པའི་བྱིས་པའི་ནད་གཞི་དེའི་སློང་རྐྱེན་གང་ཡིན་པ་ཤེས་ཚེ། དེ་དང་མཐུན་པའི་གསོ་བཅོས་སམ་བྱེད་ཐབས་བཀོལ་ནས་ཡང་བསྐྱར་བདེ་ཐང་གི་བྱིས་པ་ཞིག་སྐྱེས་ཆོག དཔེར་ན ང་ཚོས་རྒྱུན་པར་མཐོང་བཞིན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྟེ། ཁ་ཤོ་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཅན་གྱི་བྱིས་པ་སྐྱེས་པར་སྔོན་འགོག་བྱེད་ཆོག།

རྒྱུད་འདེད་བརྗེ་ཚབ་ནད་བྱུང་ཡོད་པའི་བྱིས་པ་སྟེ། དཔེར་ན་པུན་ག་ཐོང་གཅིན་ནད་བྱུང་བའི་བྱིས་པར་རློན་ནུའི་སྐབས་སུ་ཁྱད་པར་ཅན་གྱི་མངོན་རྟགས་ཅི་ཡང་མེད་མོད། རྗེས་སུ་རིམ་གྱིས་རིག་སྟོབས་དང་འགུལ་སྐྱོད་བྱེད་ཚད་བཅས་ཅུང་ཞན་པ་དང་། ཐ་ན་རིག་རྡིབ་ཅན་དུ་འགྱུར་སྲིད། གལ་ཏེ་བྱིས་པ་རློན་ནུའི་སྐབས་སུ་ནད་དེ་བྱུང་ཡོད་པ་ཤེས་ཚེ་དེ་ལ་ཟས་དང་སྨན་གྱིས་གསོ་བཅོས་བྱས་ན། ཧ་ལམ་བརྒྱ་ཆའི་དགུ་བཅུར་ཉེ་བའི་བྱིས་པའི་རིག་སྟོབས་རྒྱུན་ལྡན་དུ་འགྱུར་སྲིད།

སྤྱིར་བཤད་ན། དཔལ་འབྱོར་སྤྱི་ཚོགས་ཇི་ལྟར་དར་རྒྱས་སུ་སོང་ན། མི་རྣམས་ཀྱིས་མི་རབས་རྗེས་མའི་སྤུས་ཀར་དེ་ལྟར་དོ་སྣང་བྱེད་པ་ཡིན། དེ་བས་རྒྱ་ཆེའི་སྨན་བཅོས་མི་སྣའི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་དང་དམངས་ཡོངས་ཀྱི་བདེ་ཐང་གི་འདུ་ཤེས་བཅས་ཇེ་མཐོར་བཏང་སྟེ། ཚང་མས་མཉམ་དུ་རྒྱུད་འདེད་ཀྱི་ནད་རིགས་སྣ་ཚོགས་ཀྱིས་བསླངས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་པར་དོ་སྣང་བྱས་ན། སྔོན་འགོག་གི་ནུས་པ་བཟང་པོ་ཐོན་ཐུབ།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།