མཚོ་སྔོན་སློབ་ཆེན་ལ་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཚེ་སྲོག་ཚན་རིག་འགྲན་བསྡུར(གསར་གཏོད་ལས་གཏོད་རིགས)ཀྱི་བྱ་དགའ་ཨང་དང་པོ་ཐོབ།
2023.08.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 3

ཟླ་བརྒྱད་པའི་ཚེས་བདུན་ཉིན་གསར་འགོད་པས་མཚོ་སྔོན་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན།   སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཚེ་སྲོག་ཚན་རིག་འགྲན་བསྡུར(གསར་གཏོད་ལས་གཏོད་རིགས)ལས་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད། མཚོ་སྔོན་སློབ་ཆེན་གྱི་འཐུས་ཚབ་རུ་ཁག་གི་འགྲན་ཞུགས་རྣམ་གྲངས《དུང་འཁྱིལ་འབུ་ཕྲན་གྱི་དབྱིབས་མང་པའི་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྒམ་བུམ》ཞེས་པར་རྩོད་གླེང་ཐེངས་མང་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 《ཐུམ་འབུའི་ནད་སྣ་མང་ཅན་འགོག་བཅོས་མ་ལག》ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

རྒྱུས་ལོན་པ་ལྟར་ན།  རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཚེ་སྲོག་ཚན་རིག་འགྲན་བསྡུར་གྱིས་སློབ་ཆེན་སློབ་མའི་གསར་གཏོད་ཀྱི་འདུ་ཤེས་དང་།    ལག་ལེན་གྱི་ནུས་པ།    ཚོགས་པའི་སྙིང་སྟོབས་བཅས་སྐྱེད་སྲིང་བྱ་རྒྱུ་གཙོར་བྱས་ཐོག ཚན་རིག་གི་མཐོང་རྒྱ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ།    ཚེ་སྲོག་ཚན་རིག་གི་སློབ་ཁྲིད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ།    ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་ཀྱིན་ཡོད་པ་རེད།   2017ལོར་སྒྲུབ་པ་ནས་བཟུང་ཁྱབ་རྒྱ་ཆེ་བ་དང་དེའི་ནང་ཞུགས་མཁན་གྱི་མི་གྲངས་མང་བ།    འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་ཀྱི་བླང་བྱ་མཐོ་བ་བཅས་ཀྱིས་ཚེ་སྲོག་ཚན་རིག་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་རིག་ཚན་འགྲན་བསྡུར་གྱི་གྲས་ཤིག་ཏུ་གྱུར་བ་དང་།    ཀྲུང་གོའི་མཐོ་རིམ་སློབ་གསོའི་སློབ་ཚོགས་ཀྱིས《2023ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཆེན་སློབ་མའི་འགྲན་བསྡུར་དབྱེ་ཞིབ་སྙན་ཞུ》ཡི་འགྲན་བསྡུར་དཀར་ཆག་ནང་ཚུད་ཡོད་པ་རེད།   ཐེངས་འདིའི་འགྲན་བསྡུར་ལ་ཚན་རིག་གི་རྩད་ཞིབ་རིགས་དང་གསར་གཏོད་ལས་གཏོད་རིགས་བཅས་རྣམ་པ་གཉིས་སུ་ཕྱེ་བ་དང་བསྡོམས་པས་འགྲན་ཞུགས་བརྩམས་ཆོས6117འབྱོར་ཞིང་།    ཐོབ་ཐང་ཞིབ་བཤེར་དང་།    ཐོག་མའི་འགྲན་བསྡུར་དྲ་བའི་དཔྱད་བསྡུར།  བསྐྱར་མའི་འགྲན་བསྡུར་བཅས་བྱས་པ་བརྒྱུད། མཐར་བསྡོམས་པས་བརྩམས་ཆོས459རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་དང་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་འགྲན་རྩོད་བྱས། །

རྩོམ་སྒྲིག་པ། འབྲུག་མོ།