བདེ་ཐང་གི་ཤེས་བྱ་འགའ།
2023.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

དང་པོ། གློག་རྡུལ་གྱི་འགྱེད་འཕྲོས་མི་ལུས་ལ་ཐེབས་པའི་ཤུགས་རྐྱེན།

བརྡ་འཕྲིན་ལས་རིགས་དང་ཁྱིམ་སྤྱོད་གློག་ཆས་རིགས་དར་བ་དང་བསྟུན་ནས། དེང་སྐབས་མི་རྣམས་ཀྱིས་དེང་རབས་ཀྱི་བརྡ་འཕྲིན་སྒྲིག་ཆས་ཀྱི་ལེགས་ཆ་དང་གློག་ཆས་རིགས་ཀྱི་སྤྲོ་སྐྱིད་ཉམས་སུ་མྱོང་བའི་དུས་མཚུངས་སུ། གློག་ཆས་དེ་རིགས་ཀྱི་འགྱེད་འཕྲོའི་གནོད་པས་མི་ལུས་ལ་ཐེབས་པའི་གནོད་པའང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་པའི་གློག་ཆས་དང་འཕྲིན་གཏོང་སྒྲིག་ཆས་དེ་དཔེར་ན། བརྙན་འཕྲིན་དང་ཁ་པར་བཀོལ་སྤྱོད་བྱེད་སྐབས་ཀྱང་དེ་དག་གི་གློག་རྡུལ་ཀྱི་འགྱེད་འཕྲོའི་གནོད་པས་ཁོར་ཡུག་ལ་བརྫད་སྐྱོན་གཏོང་སྲིད།  ཡིན་ནའང་། གློག་རྡུལ་ཀྱི་འགྱེད་འཕྲོ་དེས་དོན་དངོས་སུ་མི་ལུས་ལ་གནོད་པ་ག་འདྲ་ཡོད་དམ་ཞེ་ན། དེ་ལ་ཡང་དག་ལུང་འདྲེན་ཞིག་ད་དུང་བྱུང་མེད་ལ། སྤྱིར་བཏང་གི་ལྟ་ཚུལ་ཡིན་ན། གློག་རྡུལ་གྱི་འགྱེད་འཕྲོས་མིའི་རིགས་ལ་འབྲས་སྐྲན་དང་སྐྱེ་འཕེལ་གྱི་ནད་འགྱུར། ལོ་ལོན་ནས་ཧོན་ལོག་པ། བརྗེད་ངེས་ཆེ་བ་བཅས་ཀྱི་སློང་རྐྱེན་གཙོ་བོ་ཞིག་ཡིན་པར་མ་ཟད། གློག་རྡུལ་ཀྱི་འགྱེད་འཕྲོས་བྱིས་པའི་ལུས་ཕུང་ལ་ལྷག་ཏུ་གནོད་དེ། དུས་ཡུན་རིང་བོར་གློག་རྡུལ་ཀྱི་འགྱེད་འཕྲོས་གནོད་པ་ཐེབས་ན་བྱིས་པར་འབྲས་ནད་འབྱུང་ཚད་ཇེ་མཐོར་འགྱུར་སྲིད།

གཉིས་པ། གྱོན་ཆས་ཀྱིས་ཀྱང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།

ང་ཚོས་རྒྱུན་པར་གྱོན་བཞིན་པའི་ལྭ་བས་ཀྱང་ལུས་ཕུང་ལ་ཤུགས་རྐྱེན་ཐེབས་སྲིད། ཆེད་མཁས་པས་བཤད་པ་ལྟར་ན། ལྭ་བའི་སྟེང་གི་བཙོག་རྫས་དེ་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་རས་ཀྱི་རྒྱུ་ཆ་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད། འབུས་གནོད་པ་འགོག་བྱེད་དུ་འབུ་གསོད་སྨན་རྫས་སམ་ཡང་ན་ལུད་རྫས་སྣ་ཚོགས་བཀོལ་བཞིན་ཡོད་པ་ལས། དེ་དག་གི་གནོད་ལྡན་དུག་རིགས་དེ་ལྭ་བའི་སྟེང་དུ་འགོས་ཡོད་པ་རེད། དེ་བས་སྐྱི་པགས་ལ་ཚོར་སྐྱེན་འབྱུང་བ་དང་། དབུགས་ལམ་གྱི་ནད་རིགས་འབྱུང་བར་མ་ཟད། ཐ་ན་འབྲས་ནད་ཀྱང་སློང་སྲིད། གཉིས་ནི། ལྭ་བར་ལས་སྣོན་དང་འཚེམ་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད། དབྱང་འགྱུར་རྫས་དང་འགྱུར་སྐུལ་རྫས་སོགས་རྫས་འགྱུར་དངོས་རྫས་མང་པོ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། གནོད་ལྡན་དངོས་རྫས་དེ་དག་གིས་ལྭ་བའི་སྟེང་བཙོག་རྫས་བགོས་ཡོད། དེར་བརྟེན་ཆེད་མཁས་པས་མི་རྣམས་ལ་ལྭ་བ་ཉོ་སྐབས་དོ་སྣང་ཆེན་པོ་བྱེད་དགོས་པ་གལ་ཆེན་དུ་བསྟན་ཡོད་དེ། ཐོག་མར་ལྭ་བ་འདེམས་ཉོ་བྱེད་སྐབས། གང་ནུས་ཀྱིས་ལྭ་བའི་མདོག་སྐྱ་བོ་ཅན་ཉོས་ན་བཟང་།  དེའང་སྤྱིར་བཤད་ན། མདོག་སྐྱ་བོ་ཅན་གྱི་ལྭ་བའི་རྒྱུ་ཆ་དེ་ཐོན་སྐྱེད་བྱེད་སྐབས་བཙོག་རྫས་ཐེབས་ཚད་ཅུང་ཉུང་ཞིང་། ལྷག་པར་དུ་ནང་གོས་སམ་བྱིས་པའི་ལྭ་བའི་མདོག་སྐྱ་བོ་ཡིན་ན་བཟང་། ད་དུང་ལྭ་བ་ཉོ་སྐབས་ནང་རས་མེད་པའི་ལྭ་བ་དང་ཕྲག་འཇོག་མེད་པའི་ལྭ་བ་ཉོ་དགོས་ཏེ། ལྭ་བའི་ནང་རས་དང་ཕྲག་འཇོག་གི་སྦྱོར་ཆུ་དེས་ཀྱང་ལུས་ཕུང་བདེ་ཐང་ལ་གནོད། དེ་ལས་གཞན་ཕྱིར་གཏོང་ཐོན་རྫས་ནང་འཚོང་བྱེད་པའི་དངོས་པོའི་རིགས་ལའང་མཉམ་འཇོག་བྱ་དགོས། རྒྱུ་མཚན་ནི་དངོས་པོ་དེ་དག་ཕྱིར་གཏོང་བྱེད་སྐབས་རྒྱུ་སྤུས་ལ་གནད་དོན་བྱུང་བ་ལས་ཕྱིར་ནང་དུ་བསྐོར་བའི་དངོས་པོ་ཡིན་པ་རེད།

གསུམ་པ། འགྱིག་ཤོག་ཁུག་མའི་སྟེང་དུག་ཡོད་མེད་ལ་ཇི་ལྟར་བལྟ་དགོས་སམ།

ཞིང་ལས་ཉོ་འཚོང་ཁྲོམ་རའི་ནང་བཙོང་བཞིན་པའི་ཧ་ཅང་སྲབ་པའི་མདོག་ཅན་གྱི་འགྱིག་ཤོག་གི་ཁུག་མ་དེ་འགྱུག་ཤོག་རྙིང་བ་དང་གད་སྙིགས་ནང་གི་འགྱིག་ཤོག་རིགས་བཏུས་པ་ལས་ལས་སྣོན་བྱས་པ་ཡིན་པས་དེ་དག་མང་ཆེ་བ་དུག་ལྡན་དངོས་རྫས་ཡིན། དེ་བས་ཟས་རིགས་འཇོག་བྱེད་ཀྱི་སྣོད་དུ་བྱེད་མི་རུང་། ལྷག་པར་དུ་མདོག་ནག་པོའི་རིགས་ཀྱི་འགྱིག་ཤོག་གི་ཁུག་མའི་རྒྱུ་སྤུས་དེ་ལས་ཀྱང་མི་བཟང་བས། གད་སྙིགས་འཇོག་བྱེད་ཁོ་ན་ལས་བྱེད་མི་རུང་། སྤྱིར་ཞིང་ལས་ཚོང་ར་ན་བཙོང་བཞིན་པའི་མདོག་ལྡན་གྱི་འགྱིག་ཤོག་གི་ཁུག་མ་དེའི་རིགས་ཚད་ལྡན་གྱི་འགྱིག་ཤོག་མིན་པས་ཟས་རིགས་འཇོག་བྱེད་ཀྱི་སྣོད་དུ་གཏན་ནས་བྱེད་མི་རུང་། རྒྱུ་སྤུས་ལྟ་སྐུལ་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱས་ནས་ཚད་ལྡན་ཡིན་པའི་ཟས་རིགས་འཇོག་བྱེད་ཀྱི་འགྱིག་ཤོག་ཁུག་མའི་སྟེང་དུ་མཚོན་རྟགས QS ཡོད་པ་རེད།

དེས་ན་དུས་རྒྱུན་གྱི་འཚོ་བའི་ནང་འགྱིག་ཤོག་ཁུག་མར་དུག་ཡོད་མེད་དེར་ང་ཚོས་ཇི་ལྟར་དབྱེ་འབྱེད་བྱེད་དགོས་སམ་ཞེ་ན།

གཅིག དུག་མེད་ཅིང་གཙང་མ་ཡིན་པའི་འགྱིག་ཤོག་ཁུག་མའི་མདོག་དཀར་ཞིང་དྭངས་མོ་ཡིན་པ་དང་ལག་པས་རེག་ན་འཇམ་པོ་ཡིན་ལ། དུག་ལྡན་འགྱིག་ཤོག་གི་མདོག་དྭངས་མོ་མིན་པར་སེར་པོ་དང་དམར་པོ། ནག་པོ་སོགས་སྣ་ཚོགས་ཡིན་ཞིང་ལག་པས་རེག་ནའང་ཅུང་རྩུབ་མོ་ཡིན།

གཉིས། དུག་མེད་པའི་འགྱིག་ཤོག་ཁུག་མ་དེ་ལག་པས་ཕུར་ཕུར་བྱས་ཚེ་སྒྲ་དྭངས་ཤིང་གསལ་ལ་དུག་ཡོད་པའི་འགྱིག་ཤོག་ཁུག་མའི་སྒྲ་དེ་འདྲ་མི་གསལ།

གསུམ། དུག་མེད་པའི་འགྱིག་ཤོག་ཁུག་མ་འབར་སླ་ལ། དུག་ཡོད་པའི་འགྱིག་ཤོག་ཁུག་མ་སྤྱིར་འབར་མི་སླ།།

རྩོམ་སྒྲིག་པ། འབྲུག་མོ།