བཏུང་བ་ཆུའི་སྐོར་གྱི་ཤེས་བྱ།
2023.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

སྐབས་ཞེ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོ་ནས་བཟུང་། ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོར་གཏན་འཁེལ་བྱས་ནས། མི་རྣམས་ལ་ཆུར་གྲོན་ཆུང་བྱེད་པའི་སྐུལ་སློང་བྱེད་བཞིན་ཡོད།

སྤྱིར་བཤད་ན་རང་བྱུང་ཁམས་ཀྱི་ཆུ་ལ་འཛད་མཐའ་མེད་མོད། དེའི་ནང་དུའང་མཚོ་ཆུའི་བརྒྱ་ཆའི་དགུ་བཅུ་གོ་བདུན་དང་གྲངས་ཆུང་གཉིས་ཟིན་ཡོད་ཅིང་། སྐམ་སའི་ཚྭ་མེད་ཆུ་ཡིས་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་ཟིན་ཡོད། ང་ཚོ་མིའི་རིགས་ཀྱི་འཚོ་བ་དང་ཐད་ཀར་དུ་འབྲེལ་བའི་ཆུ་བོ་དང་ཚྭ་མེད་མཚེའུ་སོགས་ཀྱིས་ཉུང་ཙམ་ཞིག་མ་གཏོགས་ཟིན་མེད་པས། ཆུ་ལ་གྲོན་ཆུང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ།

  དང་པོ།  ཉིན་རེར་ཆུ་ཅི་ཙམ་འཐུང་དགོས་སམ།

མི་མང་པོའི་བསམ་ཚུལ་ལ། ཉིན་རེར་ཆུ་ཕོར་བ་བརྒྱད་ཙམ་འཐུང་ན་བདེ་ཐང་ལ་ཕན་པར་འདོད། འོན་ཀྱང་ཕྱི་རྒྱལ་གྱི་གསོ་རིག་ཞིབ་འཇུག་སྡེ་ཁག་འགའ་རེ་ནས་དེ་དང་མི་མཚུངས་པའི་ལྟ་ཚུལ་བཤད་ཡོད་དེ། ཉིན་རེར་ངེས་པར་དུ་ཆུ་ཕོར་བ་བརྒྱད་ཙམ་འཐུང་དགོས་པའི་ངེས་པ་མེད་ཅིང་། ད་དུང་ཆུ་མང་པོ་འཐུང་ན་ལུས་ཕུང་ལ་མི་ལེགས་པའི་ཤུགས་རྐྱེན་ཐེབས་སྲིད་ཟེར།

ཆེད་མཁས་པས་བལྟས་ན། ཆུ་འཐུང་བ་དང་ཚ་ཚད་བསྡུ་ལེན་བྱེད་པ་གཉིས་གཅིག་འདྲ་ཡིན་པས། ལུས་ཕུང་ལ་ཅི་ཙམ་མཁོ་ན་དེ་ཙམ་འཐུང་དགོས་པར་འདོད།  ཆུ་ཇི་ལྟར་མང་པོ་འཐུང་ན་དེ་ལྟར་ལུས་སྟེང་གི་དུག་ཕྱིར་འདོན་པའི་ལྟ་ཚུལ་དེ་ལ་ད་སྔ་ད་དུང་ཚན་རིག་གི་ཡང་དག་པའི་བདེན་དཔང་ཞིག་ཐོབ་མེད། དེ་ལས་ལྡོག་སྟེ། ཆུ་མང་པོ་འཐུང་ན་ལུས་སྟེང་གི་གློག་འབྱེད་རྫས་དོ་མཉམ་ཤོར་དུ་འཇུག་སྲིད།

དེས་ན་རྒྱུན་ལྡན་གྱི་མི་ཞིག་གི་ཉིན་རེར་ཆུ་ཅི་ཙམ་འཐུང་ན་ད་གཟོད་འོས་ཤིང་འཚམ་པ་ཡིན་ཞེ་ན། སྤྱིར་བཤད་ན། མིའི་ལུས་སྟེང་ནས་ཉིན་རེར་ཟད་གྲོན་དུ་འགྲོ་བཞིན་པའི་ཆུ་སྟེ། གཅིན་གཏོང་བ་དང་། རྔུལ་ཆུ་བཞུར་བ་སོགས་ལས་ཆུ་ཧའོ་ཧྲིན 1800 ནས 2000 ཙམ་ཕྱིར་ཤོར་བཞིན་ཡོད་པས།  མི་རྣམས་ཀྱིས་བསམ་པར་ཉིན་རྒྱུན་ཆུ་ཧའོ་ཧྲིན་ཉིས་བརྒྱ་སྟེ་ཕོར་བ་བརྒྱད་ཙམ་ངེས་པར་དུ་འཐུང་དགོས་པར་འདོད་བཞིན་ཡོད། ཡིན་ནའང་ཆུ་ཕོར་བ་བརྒྱད་པོ་དེའང་ང་ཚོས་ཆུ་རྐྱང་རྐྱང་འཐུང་དགོས་པའི་ངེས་པ་མེད་དེ། ང་ཚོས་ཉིན་རྒྱུན་ཟ་བཞིན་པའི་ཟས་རིགས་སྣ་ཚོགས་ཀྱི་ནང་དུ་ཆུའི་འདུས་ཚད་མཐོ། དཔེར་ན།  སྔོ་ཚོད་དང་སིལ་ཏོག་རིགས་ཀྱི་ནང་དུ་ཆུའི་འདུས་ཚད་བརྒྱ་ཆའི་དགུ་བཅུའི་ཡིན་པ་དང་། སྒོ་ང་དང་ཉ་ཤའི་རིགས་ཀྱི་ནང་དུ་ཆུའི་འདུས་ཚད་བརྒྱ་ཆའི་དོན་ལྔ་ཙམ་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཟས་ཐུན་གཅིག་གི་ནང་དུ་ཆེས་ཉུང་ནའང་ཆུ་ཧའོ་ཧྲིན་སུམ་བརྒྱ་ནས་བཞི་བརྒྱ་ཙམ་འདུས་པས། ཟས་ཐུན་གསུམ་པོའི་ནང་གི་ཆུའི་འདུས་ཚད་ཧ་ལམ་ཧའོ་ཧྲིན1000 ནས1200ཆུའི་ཕུད་ན། ང་ཚོས་ཉིན་རྒྱུན་འཐུང་དགོས་པའི་ཆུ་རྐྱང་རྐྱང་ནི་ཧ་ལམ་སྔ་དྲོ་ཕོར་བ་གཉིས་དང་ཕྱི་དྲོ་ཕོར་བ་གཉིས་ཙམ་འཐུང་པས་ཆོག

ཆེད་མཁས་པས་བལྟས་ན། ཆུ་འཐུང་བའི་སྤྱིའི་རྩ་དོན་ནི། ཉིན་རེར་ཆུ་ཧའོ་ཧྲིན 500 ལས་ཉུང་མི་རུང་ལ། ཧའོ་ཧྲིན 3000ལས་མང་མི་རུང་། དྲེག་ནད་དང་མཁལ་མའི་རྡེའུ་སྐྲན་སོགས་བྱུང་ཡོད་པའི་ནད་པས་ཆུ་མང་པོ་འཐུང་དགོས་པ་བྱུང་ནའང་སྨན་པས་མཛུབ་སྟོན་འོག་འཐུང་དགོས།

གཉིས་པ།   ཆུའི་འཐུང་སྲོལ་ཇི་འདྲ་ཡིན་ནམ།

ཕན་ནུས་ལྡན་པའི་ཆུའི་འཐུང་སྟངས་ཆེས་ལེགས་པོ་སྤྱད་ན་ད་གཟོད་ལུས་ཕུང་གིས་བསྡུ་ལེན་བྱེད་ཐུབ་སྟེ། དཔེར་ན། འཐུང་ཐེངས་གཅིག་གིས་ཆུ་ཕོར་བ་གང་བོ་འཐུང་ཚར་དུ་འཇུག་པ། གལ་ཏེ་གང་འདོད་ལྟར་ཆུ་ཁམ་གང་དོ་ཞིག་འཐུང་རྗེས་མཚམས་བཞག་ན་ལུས་ཕུང་ལ་ཕན་ཅི་ཡང་མི་ཐོགས།

ཆུ་སྤུས་བཟང་པོའི་རིགས་འཐུང་བ།

རླངས་ཆུའི་རིགས་མ་འཐུང་ན་བཟང་སྟེ། རྒྱུ་མཚན་རླངས་ཆུའི་ངོ་བོ་སྐྱུར་བའི་རིགས་སུ་གཏོགས་པས། ལུས་ཕུང་ལ་གནོད་པ་ཡིན། མཁལ་མའི་ནུས་པ་དེ་འདྲ་མི་བཟང་བའི་མིས་འཐུང་ན་ལྷག་ཏུ་གནོད། དེ་བས་རབ་ཡིན་ན་གཏེར་ཆུ་དང་བུལ་ཏོག་རང་བཞིན་གྱི་ཆུ་འཐུང་ན་བཟང་།

ཆུ་ཁོལ་འཐུང་བ།

དབྱར་ཁར་ཚ་བ་ཆེ་དུས། མི་མང་པོ་ཞིག་ཆུ་འཁྱག་འཐུང་རྒྱུར་དགའ། ཆུ་འཁྱག་འཐུང་ན་ཕོ་བར་གནོད་པས། རྒྱུན་པར་ཆུ་ཁོལ་དྲོ་འཇམ་འཐུང་ན་ལུས་ཕུང་གིས་བསྡུ་ལེན་བྱེད་པར་ཕན།

ལྟོ་སྟོང་དུ་ཆུ་འཐུང་བ།

ཆུ་དུས་ནམ་འཐུང་ནའང་ཆོག་སྟེ། སྐོམ་པའི་དུས་སུ་འཐུང་ན་སྐོམ་སོད་ལ། ཆེས་ཕན་པ་ནི་ལྟོ་སྟོང་དུ་འཐུང་ན་འཇུ་ལམ་བརྒྱུད་ནས་ལུས་ཕུང་གིས་བསྡུ་ལེན་བྱེད་པར་ཕན། ཟ་མའི་རྗེས་སུ་ཆུ་འཐུང་བ་དེ་ལྟོ་སྟོང་དུ་འཐུང་བ་ལྟ་བུའི་ནུས་པ་ཞིག་ཐོན་མི་ཐུབ།

མི་ལ་ལས་བྱ་བ་དང་ལས་ཀའི་དབང་གིས་ཆུ་འཐུང་བར་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད། དེ་བས་འདི་ནས་ཚང་མར་གསལ་འདེབས་བྱེད་རྒྱུ་ཞིག་ནི། དུས་ཡུན་རིང་བོར་ཆུ་འཐུང་བར་དོ་སྣང་མ་བྱས་ན། ལྒང་པ་དང་མཁལ་མར་གནོད་པ་ཐེབས་ནས་མཁལ་སྐེད་ན་སྲིད།

གསུམ་པ།  རབ་ཡིན་ན་བུལ་ཏོག་རང་བཞིན་ཅན་གྱི་ཆུ་འཐུང་ན་བཟང་།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན། མི་ལུས་ཀྱི་བརྒྱ་ཆའི་བདུན་ཅུ་ནི་ཆུས་གྲུབ་པ་ཡིན། རྒྱུན་ལྡན་སྒོས་སྐྱེ་ལུགས་ཐད་ནས་རྙིང་ཚབ་གསར་བརྗེ་བྱེད་ཆེད། ང་ཚོས་ངེས་པར་དུ་ཉིན་རྒྱུན་ཆུ་འདང་ངེས་པ་ཞིག་འཐུང་དགོས། མཉམ་འབྲེལ་རྒྱལ་ཚོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པའི་གྲངས་ཀ་ལྟར་ན། མིའི་རིགས་ཀྱི་ན་ཚའི་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ནི་བཏུང་བྱའི་ཆུ་མ་འཕྲོད་པ་ལས་བྱུང་བ་རེད། དཔེར་ན། ཁོག་པ་བཤལ་བ་དང་། ཚད་ཉུང་གཞི་རྒྱུའི་མི་འདང་བ། རྒྱུ་གཟེར་ལྟ་བུ་དང་། ཐ་ན་འབྲས་ནད་སོགས་ཀྱང་དུས་ཡུན་རིང་བོར་འཐུང་ཆུ་མ་འཕྲོད་པ་ལས་བསྐྱེད་བཞིན་ཡོད། དེས་ན་ཆུ་གཙང་མ་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སམ་ཞེ་ན། རབ་ཡིན་ན་བུལ་ཏོག་རང་བཞིན་ཅན་གྱི་ཆུ་འཐུང་ན་བཟང་། བུལ་ཏོག་རང་བཞིན་གྱི་ཆུ་སྟེ། ཁྲོན་པའི་ཆུ་དང་རང་འབབ་ཆུ་ལྟ་བུར་མཚོན་ན་ལུས་ཕུང་བདེ་ཐང་ལ་ཕན་པར་མ་ཟད། དེས་ད་དུང་ལུས་སྟེང་དུ་དུག་ལྡན་དངོས་རྫས་རིགས་འགོ་བར་སྔོན་འགོག་བྱེད་ཐུབ། དེ་ལས་གཞན་བུལ་ཏོག་རང་བཞིན་གྱི་ཆུ་འཐུང་ན་སྙིང་ཁམས་ཁྲག་རྩའི་ནད་བྱུང་བའི་ནད་པའི་ཤི་ཚད་ཀྱང་ཇེ་དམར་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།