མཚོ་སྔོན་ཞིང་ཆེན་གྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཏང་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
2023.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བརྗོད་དོན་སློབ་གསོའི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་སྒོས། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་བཏང་ནས། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་འགོག་སྲུང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དང་ལེགས་བཅོས་གཏོང་བར་རྒྱབ་སྐྱོར་བྱས།

གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་དེ་མཁར་གྲོང་དོ་མཉམ་དང་། ནད་རིགས་འགོག་སྲུང་དཀྱིལ་སྙིང་ཡིན་པའི་སྤྱི་ཕན་རང་བཞིན་གྱི་འཕྲོད་བསྟེན་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། དེར་སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་དང་། བདེ་ཐང་སློབ་གསོ། འགོས་ནད་སྙན་ཞུ་ཐག་གཅོད། སྔོན་འགོག་སྨན་ཁབ་རྒྱག་པ། ལེགས་སྐྱེ་ལེགས་གཉོར་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་དོ་དམ་བྱེད་པ། ས་གནས་ནད་རིགས་འགོག་བཅོས་བྱེད་པ་སོགས་རྣམ་གྲངས་ཉེར་བརྒྱད་འདུས་ཡོད་ལ། དེས་མང་ཚོགས་ཀྱི་རྨང་གཞིའི་བདེ་ཐང་ལ་ཐག་ཉེ་ས་ནས་འགན་སྲུང་བྱེད་ཐུབ་པ་ཡིན། སྲིད་ཇུས་དེ་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་མུ་མཐུད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར། ལོ་རེ་བཞིན་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་། ཉིས་སྟོང་ཉེར་གསུམ་ལོར་མི་རེར་ཆ་སྙོམས་སྒོར་གྱ་དགུ་ལ་སླེབས་པ་དང་། གསར་དུ་ཁ་བསྣོན་བྱས་པའི་འགྲོ་གྲོན་གྱིས་ས་གནས་ཀྱི་རྒན་པ་དང་། བྱིས་པའི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཐད་རྒྱབ་སྐྱོར་བྱས་པ་དང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་བཏང་། ལོ་སྨད་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་མུ་མཐུད་ནས་འགོག་སྲུང་གཙོ་བྱས་པའི་བདེ་ཐང་འཕེལ་རྒྱས་འཐབ་ཇུས་དང་དམ་དུ་འབྲེལ་ཏེ། ནན་ཏན་སྒོས་ནོར་སྲིད་སྡེ་ཁག་གི་འགན་ནུས་ལག་བསྟར་དང་། མ་དངུལ་གཏོང་བའི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། ས་ཁོངས་ཁྱད་ཆོས་དང་འཚམས་པ། སྤུས་ལེགས་ནུས་མཐོའི་གཞི་རིམ་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐོང་སྣང་སྔར་ལས་དྲང་བདེན་ཡོང་བར་བྱེད་པ་དང་། མུ་མཐུད་ནས་བདེ་ཐང་དོ་དམ་ཞབས་ཞུ་ཐོབ་པར་བྱ་རྒྱུ་རེད། །

ཡིག་སྒྱུར་བ། འབྲུག་མོ།