དབྱར་ཁར་རྔུལ་ཆུ་ཅུང་བཞུར་ན་ལུས་ཕུང་བདེ་ཐང་ལ་ཕན།
2023.08.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དབྱར་ཁར་མི་མང་པོ་ཞིག་དྲོད་སྙོམས་འཕྲུལ་ཆས་ཀྱི་ཉེ་སར་བསྡད་དེ་བསིལ་བསིལ་ངང་ངལ་གསོ་རྒྱུར་དགའ། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། དབྱར་ཁར་དུས་ཡུན་རིང་པོར་དྲོད་སྙོམས་འཕྲུལ་ཆས་ཀྱི་ཉེ་སར་མི་འདུག་པར་ལུས་ནས་རྔུལ་ཆུ་ཉུང་ཙམ་བཞུར་དུ་འཇུག་དགོས་ལ། རྔུལ་ཆུ་བཞུར་བ་ནི་ལུས་ཁམས་གསོ་སྟངས་ཆེས་ལེགས་པོ་ཞིག་རེད།

རིམས་འགོག་ནུས་ཤུགས་ཇེ་མཐོར་འགྲོ་བ་དང་ཆམ་རིམས་སྔོན་འགོག་བྱེད་ཐུབ།

ཞིབ་འཇུག་ལས་མངོན་པ་ལྟར་ན། རྔུལ་ཆུའི་ནང་དུ་སྲིན་འགོག་ཐའེ་འདུས་པས། ནད་དུག་མང་པོ་འགོག་པ་དང་། ནད་སྲིན་དང་ནད་དུག་གིས་མི་ལུས་ལ་གནོད་འཚེ་གཏོང་བ་སྔོན་འགོག་བྱེད་ཐུབ། རྔལ་ཆུ་བཞུར་ན་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བ་དང་། ནད་སྲིན་དང་ནད་དུག་ལ་རྒོལ་བའི་ནུས་པ་མཐོ་རུ་བཏེགས་ཏེ། ཆམ་རིམས་སྔོན་འགོག་བྱེད་ཐུབ།

ཟས་རིགས་འཇུ་ཞིང་ཚོ་བྱང་ལ་དལ་གཤིས་ནད་རིགས་འགོག་ཐུབ།

དབྱར་ཁར་ལུས་སྟེང་ནས་རྔུལ་ཆུ་བཞུར་ན། ལུས་ཧྲིལ་པོའི་རྙིང་ཚབ་གསར་བརྗེ་ཇེ་མགྱོགས་སུ་འགྲོ་ལ། རྒྱུ་མ་འགུལ་བར་རོགས་བྱས་ཏེ། ཟས་རིགས་འཇུ་བར་བྱེད་ལ་བཤང་བ་རྒྱུ་བར་བྱེད་པ་དང་། ལུས་ཀྱི་ཚིལ་ཞག་དབྱེ་འབྱེད་བྱས་ཏེ། ཚོ་བྱང་བའི་ཐད་ནུས་པ་ངེས་ཅན་ཞིག་ཐོན་ཐུབ། ལུས་སྟེང་གི་ཚིལ་ཞག་ཇེ་ཉུང་དུ་སོང་ན་ཁྲག་ཤེད་མཐོ་བའི་ནད་དང་ཁྲག་ཚིལ་མཐོ་བའི་ནད་སོགས་ཀྱི་དལ་གཤིས་ནད་རིགས་དང་དེ་མིན་ད་རུང་སྙིང་དང་ཁྲག་རྩའི་ནད་རིགས་རང་བཞིན་གྱིས་ཇེ་ཉུང་དུ་འགྲོ་བ་རེད།

དྲན་པ་ཇེ་གསལ་དུ་འགྲོ་བ།

འགུལ་སྐྱོད་བྱས་ཏེ་རྔུལ་ཆུ་བཞུར་ན་ཀླད་པར་དགེ་མཚན་ལྡན་པའི་དྲང་ཕྱོགས་ཀྱི་ནུས་པ་ཐོན་ཏེ། དྲན་ཤེས་དང་རིག་པ་སྒྲིམ་ཤུགས་སོགས་ཚད་མཐོན་པོའི་སྒོ་ནས་ཇེ་མཐོར་གཏོང་ཐུབ་པས་ཀླད་པ་སྔར་ལས་གསལ་པོ་ཡོང་བར་ཕན།

ལུས་སྟེང་གི་དུག་ཕུད་དེ་ཤ་མདངས་ཇེ་ཡག་ཏུ་འགྲོ་བ།

རྔུལ་ཆུ་བཞུར་ན་སྤུ་ཁུང་དུ་འགག་པའི་དུག་རྒྱུ་ཕྱི་རུ་ཕུད་དེ་སྤུ་ཁུང་གཙང་སེལ་བྱེད་པས། ངོ་གདོང་ལ་མཛེས་བཟོ་བྱེད་པའི་ནུས་པ་ཐོན་ཐུབ། རྔུལ་ཆུ་བཞུར་བ་ནི་ལུས་སྟེང་གི་དུག་རྒྱུ་ཕྱི་རུ་འདེད་སྟངས་གལ་ཆེན་ཞིག་ཡིན།

རུས་པར་སྲུང་སྐྱོབ་ཐོབ་པ།

མི་ཁ་ཤས་ཀྱིས་རྔུལ་ཆུ་བཞུར་ན་ལུས་སྟེང་གི་ཀལ་ཕྱི་རུ་ཤོར་བར་དོགས་ཀྱིན་ཡོད། དོན་དངོས་སུ་འགུལ་སྐྱོད་བྱས་ཏེ་རྔུལ་ཆུ་བཞུར་ན་ལུས་སྟེང་གི་ཀལ་ནུས་ལྡན་གྱི་སྒོ་ནས་སོར་འཇོག་བྱེད་ཐུབ། དེས་ལུས་སྟེང་གི་ཀལ་དེ་གཅིན་དང་འགྲོགས་ནས་ཕྱི་རུ་ཕུད་པ་བཀག་སྟེ། རུས་སོབ་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།

ཡང་དག་པའི་རྔུལ་ཆུ་བཞུར་སྟངས།

དེས་ན་ཡང་དག་པའི་རྔུལ་ཆུ་བཞུར་སྟངས་ལ་གང་དག་ཡོད་དམ་ཞེ་ན། གཤམ་གྱི་འདི་དག་ཡོད་པ་སྟེ།

ལུས་སྦྱོང་བྱེད་ཁར་ཆུ་དྲོན་མོ་འོས་འཚམ་ཞིག་འཐུང་བ། རང་ཉིད་ཀྱི་ལུས་པོའི་གནས་ཚུལ་དང་བསྟུན་ནས། ཉིན་རེའི་ནངས་དགོང་གི་ཚ་གདུག་མི་ཆེ་བའི་སྐབས་སུ། མགྱོགས་པོར་འགྲོ་བ་དང་ཐའེ་ཅི་དྲག་རྩལ་རྩེ་བ་སོགས་ཀྱི་ལུས་སྦྱོང་འོས་འཚམ་བྱེད་དགོས་ལ། ལུས་སྦྱོང་མ་བྱས་པའི་སྔོན་ལ། ཆུ་ཚ་མོ་དང་ཡང་ན་འབྲས་ཐུག་ཚ་མོ་འོས་འཚམ་འཐུང་སྟེ་རྔུལ་ཆུ་བཞུར་ཡག་བྱེད་དུ་འཇུག་དགོས། དེ་ལས་གཞན་ད་རུང་ལུས་སྦྱོང་བྱས་རྗེས་མྱུར་མོར་དྲོད་སྙོམས་འཕྲུལ་ཆས་ཡོད་སར་མི་འདུག་པ་དང་ཡང་ན་ཁྲུས་བྱེད་མི་རུང་།

རང་འགུལ་གྱིས་རྔུལ་ཆུ་བཞུར་དུ་འཇུག་པ། དུས་ཡུན་རིང་པོར་ཙོག་སྟེ་མི་འགུལ་བའི་མིས་ཆུ་ཁོལ་ཁུག་མ་སོགས་པུས་མོའི་སྟེང་དུ་གླན་པ་དང་། ཡང་ན་ཏུའུ་བཞི་བཅུ་ཡས་མས་ཀྱི་ཆུ་དྲོན་ནང་ཁྲུས་བྱེད་པའམ་རྐང་པ་སྦང་སྟེ་ལུས་སྟེང་ནས་རྔུལ་ཆུ་བཞུར་དུ་འཇུག་དགོས།

ཉིན་རེར་སྐར་མ་བཅོ་ལྔའི་རིང་ཉི་མར་ལྡེ་བ། ཉིན་རེའི་དུས་ཚོད་དགུ་ནས་བཅུ་དང་དུས་ཚོད་བཅུ་དྲུག་ནས་བཅུ་བདུན་བར་དེར་སྐར་མ་བཅོ་ལྔའི་རིང་གི་ཉི་མར་ལྡེ་ཞོར། ལུས་སྦྱོང་ཡང་མོ་བྱས་ཏེ་རྔུལ་ཆུ་ཉུང་ཙམ་བཞུར་དུ་འཇུག་དགོས།

བཅའ་སྒ་བཀོལ་སྤྱོད་བྱེད་ཤེས་དགོས། གཞུང་ལས་ཁང་དུ་སྡོད་མཁན་རྣམས་ཀྱིས་བཅའ་སྒའི་ཆུ་རྒྱུན་འཁྱོངས་ཀྱིས་འཐུང་སྟེ། ལུས་སྟེང་གི་བརླན་འདོན་པ་དང་ཕོ་བ་གསོ་བ། རྔུལ་ཆུ་འདོན་པ་བཅས་ཀྱི་བྱེད་ནུས་ཐོན་དུ་འཇུག་དགོས་ལ། གཞན་ད་རུང་རྒྱུན་དུ་དྲོད་སྙོམས་འཕྲུལ་ཆས་ཀྱི་ཉེ་སར་བསྡད་ན་སྤུ་ཁུང་འགག་སྟེ་རྒྱུན་ལྡན་ལྟར་རྔུལ་ཆུ་བཞུར་མི་ཐུབ་པས། དྲོད་སྙོམས་འཕྲུལ་ཆས་ཀྱི་དྲོད་ཚད་ཆེས་བཟང་ན་ཏུའུ་ཉེར་དྲུག་ལ་གཏན་འཁེལ་བྱས་ཏེ་ལུས་སྟེང་ནས་རྔུལ་ཆུ་ཉུང་ཙམ་བཞུར་དུ་འཇུག་དགོས།

ཆུ་ཚ་མོ་འཐུང་བ་ལས་ཆུ་འཁྱག་འཐུང་མི་རུང་། ཚ་གདུག་ཆེ་བའི་དབྱར་གཞུང་དུ་མི་མང་པོ་ཞིག་འཁྱགས་ཟས་ཟ་བ་དང་ཆུ་འཁྱག་འཐུང་རྒྱུར་དགའ་བས། ཕོ་རྒྱུའི་ཁུར་པོ་ཇེ་ལྕི་རུ་བཏང་ཡོད། འཁྱག་ཟས་ཉུང་བཟའ་བྱེད་པ་དང་ཆུ་ཚ་མོ་མང་དུ་འཐུང་སྟེ། རྔུལ་ཆུ་ཉུང་ཙམ་ཐོན་པའི་གནས་བབ་རྒྱུན་འཁྱོངས་བྱས་ན། ཆམ་རིམས་འགོག་པར་མ་ཟད་ཚ་གདུག་ཕོག་པའང་འགོག་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།