མཆིན་ཚད་སྔོན་འགོག་བྱེད་པར་དུས་རྒྱུན་གྱི་བྱ་སྤྱོད་ལ་མཉམ་འཇོག་དགོས།
2023.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཆིན་པ་ནི་མིའི་ལུས་སྟེང་གི་དབང་པོ་ཆེས་ཆེ་བ་དེ་ཡིན་ལ། དུག་སེལ་དབང་བོ་ཆེས་གལ་ཆེན་དེ་ཡང་ཡིན། དེས་མཁྲིས་ཁུ་ཟགས་ཐོན་དང་རྙིང་ཚབ་གསར་བརྗེ། ཁྲག་དཀག་རྐྱེན་ཆ་འབྱུང་བ་སོགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་དང་། དུས་མཚུངས་སུ་དེ་ལ་ནད་དུག་དང་ཆང་བཅུད། སྨན་རྫས་སོགས་ཀྱི་འཇིགས་སྐུལ་ཐེབས་སླ་བས། ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མཆིན་པར་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

དུས་རྒྱུན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། མཆིན་ཚད་ཀ་པ་དང་ཅ་པ་ནི་སྤྱིར་བཏང་གིས་བཤང་བ་དང་ཁ་སོགས་བརྒྱུད་དེ་འགོ་བ་དང་། སྤྱིར་བཏང་དུ་བཤང་བས་ཆུ་ཁུངས་དང་ཟས་རིགས་ལ་སྦགས་བཙོག་བཟོས་པ་ལས་འགོས་པ་རེད། མཆིན་ཚད་ཀ་པ་དང་ཅ་པ་སྔོན་འགོག་བྱེད་དགོས་ན་གཙོ་བོ་གཙང་སྦྲར་དོ་སྣང་བྱེད་དགོས དཔེར་ན་སྤྱོད་ཁང་དུ་བསྡད་རྗེས་དང་ཟ་མ་བཟའ་ཁར་ལག་པ་བཀྲུ་བ་དང་། ཁ་སྤུ་བཞར་སྤྱད་དང་སོ་ཤད་སོགས་མི་གཞན་དང་མཉམ་སྤྱོད་མི་བྱེད་པ། ཟས་རློན་མི་བཟའ་བ་དང་ཆུ་འཁྱགས་མི་འཐུང་བ་སོགས་བྱེད་དགོས། མཆིན་ཚད་ཁ་པ་དང་ག་པ་གཉིས་གཙོ་བོ་ཁྲག་རྒྱུན་དང་འཁྲུག་སྤྱོད། མ་བུ་སོགས་བརྒྱུད་དེ་འགོ་ལ། དུས་རྒྱུན་གྱི་འཚོ་བའི་ཁྲོད་འབྲེལ་འདྲིས་ཧ་ཅང་དམ་ཟབ་བྱེད་པ་སྟེ་ཁ་སྤུ་བཞར་སྤྱད་དང་སོ་ཤད་སོགས་མཉམ་སྤྱོད་བྱས་ནའང་འགོ་སྲིད། མཆིན་ཚད་ཁ་པ་དང་ག་པ་སྔོན་འགོག་བྱེད་དགོས་ན། ཚད་ལྡན་མིན་པའི་སྒེར་གྱི་སྨན་ཁང་དུ་སོང་ནས་སོ་འབལ་བ་དང་སོ་འཛུགས་པ་སོགས་བྱེད་མི་རུང་བ་དང་། སྒེར་གྱི་དངོས་པོ་མཉམ་སྤྱོད་བྱེད་མི་རུང་།

དུས་ཐོག་ཏུ་འགོག་ཁབ་རྒྱག་པ། མཆིན་ཚད་ཁ་པའི་འགོག་ཁབ་ཡོངས་ཁྱབ་ཀྱིས་བརྒྱབ་ན། མཆིན་ཚད་ཁ་པའི་ནད་དུག་འགོས་པའི་ཉེན་ཁ་ནུས་ལྡན་སྒོས་ཇེ་དམའ་རུ་གཏོང་ཐུབ། མཆིན་ཚད་ཁ་པའི་འགོག་ཁབ་ལ་ཁབ་གསུམ་ཡོད་དེ། ཁབ་དང་པོ་བརྒྱབ་སྟེ་སོ་སོར་ཟླ1དང6གི་རྗེས་སུ་ད་གཟོད་ཁབ2པ་དང3པ་གོ་རིམ་ལྟར་རྒྱག་དགོས།

ཆང་གཅོད་པ། ཆང་བཅུད་ནི་ཆང་བཅུད་རང་བཞིན་གྱི་མཆིན་ཚད་འབྱུང་བའི་རྒྱུ་རྐྱེན་ཁོ་ན་ཡིན་ལ། དལ་གཤིས་མཆིན་ནད་གཞན་དག་འབྱུང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན། དུས་ཡུན་རིང་པོར་ཆང་འཐུང་བ་ནི་ཆང་བཅུད་རང་བཞིན་གྱི་མཆིན་ཚད་ངོས་འཛིན་པའི་རྨང་གཞི་ཡིན། ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་བྱུང་ཡོད་པའི་ནད་པ་ཞིག་ལ་མཚོན་ན། ཆང་རིགས་གང་ཞིག་ཡིན་རུང་ངེས་པར་དུ་གཅོད་ཡག་བྱེད་དགོས། ཞིབ་འཇུག་ལས་མངོན་པ་ལྟར་ན། ཆང་བཅད་དེ་གཟའ་འཁོར་བཞི་ནས་དྲུག་འགོར་རྗེས་མཆིན་པའི་ནང་གི་ཚིལ་ཞག་ཚད་མཐོན་པོའི་སྒོ་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད།

བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ། མཆིན་པ་ཚིལ་འགྱུར་ནི་མཆིན་པའི་བདེ་ཐང་ལ་གནོད་འཚེ་ཐེབས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན། ལུགས་མཐུན་གྱིས་བཟའ་བཏུང་སྤྱོད་པ་དང་འོས་འཚམ་གྱིས་ལུས་སྦྱོང་བྱེད་པ་ནི་མཆིན་པ་ཚིལ་འགྱུར་ལེགས་བཅོས་བྱེད་པའི་གཙོ་གནད་ཡིན། དུས་རྒྱུན་སྲོག་ཆགས་ཀྱི་ནང་ཁྲོལ་དང་སྣུམ་བཙོས་ཟས་རིགས། ཀ་ར་མང་བའི་ཟས་རིགས་སོགས་ཉུང་བཟའ་བྱེད་དགོས་པ་དང་། ཐཱན་སྐྱུར་བཏུང་ཆུ་ཉུང་འཐུང་བྱས་ཏེ།ཚི་སྣ་དང་སྤུས་ལེགས་སྤྲི་དཀར་འདུས་པའི་ཟས་རིགས་མང་དུ་བསྟེན་དགོས།

མཆིན་པར་གནོད་འཚེ་ཐེབས་པའི་སྨན་རྫས་ཉུང་བསྟེན་བྱེད་དགོས། སྨན་རྫས་ཀྱིས་མཆིན་པར་གནོད་འཚེ་གཏོང་བ་དེ་ཡང་མཆིན་ནད་སློང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་གྲས་ཀྱི་གཅིག་ཡིན། དེའི་སྔ་དུས་ཀྱི་ནད་རྟགས་གསལ་པོ་མིན་པས་སྣང་མེད་དུ་འཇོག་སླ། མཆིན་པར་གནོད་འཚེ་ཐེབས་པའི་སྨན་རྫས་དུས་ཡུན་རིང་པོར་མི་བསྟེན་པ་དང་། སྨན་བསྟེན་པའི་གོ་རིམ་ཁྲོད་དུས་བཅད་ལྟར་མཆིན་པའི་བྱེད་ནུས་ལ་བརྟག་དགོས། 

རྩོམ་སྒྲིག་པ། འབྲུག་མོ།