རྒན་པ་རྣམས་ཀྱིས་ཞོགས་སྦྱོང་སྐབས་སུ་མཉམ་འཇོག་བྱ་དགོས་པའི་དོན་དག་འགའ།
2023.08.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མི་ལུས་ཀྱི་རྒས་པའི་འགྱུར་ལྡོག་ནི་རིམ་འཇགས་ཀྱི་འགྱུར་ལྡོག་ཅིག་ཡིན་ལ། མི་རྒས་པའི་དུས་སུ་ཐོན་རྗེས་དབང་བོ་སོ་སོ་དེ་གྲུབ་ཚུལ་དང་བྱེད་ལས་ཀྱི་ཐད་ནས་རྒས་པའི་འགྱུར་ལྡོག་མངོན་པ་རེད། ལུས་ཕུང་སྦྱོང་རྡར་བྱེད་དུས་འགྱུར་ལྡོག་འདི་རིགས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་མི་རྒན་པའི་ལུས་སྦྱོང་བཀོད་སྒྲིག་བྱེད་དགོས།

གཅིག སྙིང་ཁམས་ཁྲག་རྩའི་མ་ལག་གི་ཁྱད་ཆོས་དང་མཉམ་འཇོག་བྱ་དགོས་པའི་གནད་དོན་སྐོར།

རྒན་པའི་སྙིང་ཁམས་ཁྲག་རྩའི་མ་ལག་གི་ཁྱད་ཆོས་ནི་སྙིང་ཤའི་འཁུམ་ལྷོད་ནུས་པ་ཞན་པས་སྙིང་གི་ཁྲག་རྒྱུན་འདོན་ཚད་ཇེ་ཉུང་དུ་གྱུར་པ་རེད། འཕར་རྩའི་ནང་ངོས་སུ་འབྲས་ལྡོག་ལྟ་བུར་ཆགས་ཤིང་སྲ་མོར་གྱུར་ནས་ཁྲག་རྩའི་ལྡེམ་མྱུར་ཇེ་ཞན་དང་ཐ་ན་སྲ་འགྱུར་བྱས་ནས། སྦུག་ལམ་ཇེ་ཆུང་དུ་སོང་ཞིང་འཕར་རྩའི་ཁྲག་ཤེད་ཇེ་མཐོར་སོང་ནས་སྙིང་ཁའི་ཁུར་བོ་ཇེ་ལྗིད་དུ་བཏང་། སྙིང་ཁའི་རྣམ་པ་དང་གྲུབ་ཚུལ་ཐད་ནས། རྒན་པའི་འགྱུར་ལྡོག་གཙོ་བོ་ནི་སྙིང་གི་ལྗིད་ཚད་ཇེ་ཆུང་དུ་སོང་ཞིང་སྙིང་ཤའི་འཁུམ་ལྷོད་ཇེ་ཞན་དུ་གྱུར་པ། སྙིང་ཁང་གཡོན་པའི་ནང་ངོས་ཇེ་མཐུག་ཏུ་གྱུར་ཅིང་གཡས་པའི་ཤོང་རྒྱ་ཇེ་ཆུང་དུ་གྱུར་པ། སྙིང་གི་འཁུམ་ལྷོད་ཇེ་ཞན་དུ་གྱུར་ནས་དུས་ཚོད་སྐར་ཆ་རེའི་ཁྲག་རྒྱུན་ལུས་ཡོངས་སུ་རྒྱུ་བར་བྱེད་ཚད་ཇེ་ཉུང་དུ་སོང་། དཔེར་ན་ལོ་དྲུག་ཅུ་ཡན་གྱི་མི་རྒན་པའི་སྙིང་གི་ཁྲག་རྒྱུན་འདོན་ཚད་དེ་ལོ་ན་ཉེར་ལྔ་ཅན་གྱི་གཞོན་ནུ་ཞིག་གི་སྙིང་གི་ཁྲག་རྒྱུན་འདོན་ཚད་ལས་བརྒྱ་ཆའི་བདུན་ཅུ་ལས་མེད། ཁྲག་རྩའང་ལོ་ནའི་དབང་གིས་འགྱུར་ལྡོག་རབ་དང་རིམ་པ་འབྱུང་། མི་རྣམས་ཀྱིས་རྒྱུན་དུ་བཤད་པ་ནང་བཞིན། མི་རྒས་པ་ནི་འཕར་རྩ་རྒས་པ་དང་བསྟུན་ནས་རྒས་པ་རེད། ཁྲག་རྩའི་སྲ་འགྱུར་ནི་མངོན་གསལ་ཡིན་པ་དང་འཁུམ་ལྷོད་ཀྱང་ཇེ་ཞན་དུ་འགྱུར། རྒན་པ་མང་ཆེ་བའི་ཁྲག་གི་རྒྱུ་བ་ཇེ་དལ་དུ་སོང་ནས་ཁྲག་ཤེད་ཀྱི་སྙོམས་སྒྲིག་ནུས་པ་ཉམས་པ་དང་། སྙིང་ཁ་ཟུམ་པའི་ཁྲག་ཤེད་ཇེ་མཐོར་སོང་ཞིང་ཁྲག་ཤེད་མཐོ་དམའ་བར་གྱི་ཁྱད་པར་ཇེ་ཆེར་གྱུར་ནས། རྒན་པར་སྙིང་ཁམས་ཁྲག་རྩའི་ནད་གློ་བུར་དུ་འབྱུང་བ་ཇེ་མང་དུ་འགྱུར་སྲིད།

ལུས་རྩལ་སྦྱོང་རྡར་བྱས་ན་སྙིང་ཤའི་འཁུམ་ལྷོད་ཇེ་བཟང་དུ་གཏོང་ཐུབ་པས་པྲོག་དབྱིབས་འཕར་རྩ་བསྐྱེད་ནས་ཁྲག་རྒྱུན་ལེགས་བཅོས་བྱེད་ཐུབ། སྙིང་ཤ་ཡིས་དབྱང་དབུགས་ནུས་པ་བེད་སྤྱད་དེ་སྙིང་ཁམས་ཀྱི་ནུས་པ་ཇེ་མཐོར་བཏང་བ་རེད། དེ་ལས་གཞན་ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། ལུས་རྩལ་སྦྱོང་རྡར་བྱས་ན། ཁྲག་གཤེར་ནང་གི་སྤྲི་དཀར་རྡོག་པོའི་འདུས་ཚད་ཇེ་མཐོར་བཏང་བས། ཁྲག་རྩའི་ནང་ངོས་ཀྱི་ཚིལ་ཞག་དྭངས་སེལ་བྱས་ནས་འཕར་རྩ་འབྲས་ཐུག་ལྟ་བུར་འགྱུར་བ་སྔོན་འགོག་བྱེད་ཐུབ། མདོར་ན། ལུས་རྩལ་སྦྱོང་རྡར་བྱས་ན་སྙིང་ཁམས་ཁྲག་རྩའི་མ་ལག་གི་ནུས་ཚད་ལོ་ན་ཇེ་ཆེར་སོང་རུང་མར་འབབ་པའི་ཚད་ཇེ་དལ་དུ་གཏོང་ཐུབ།

མི་རྒན་པས་ལུས་རྩལ་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སྙིང་ཁམས་ཁྲག་རྩའི་མ་ལག་གི་བྱེད་ལས་ལེགས་སྒྱུར་བྱེད་ཅིང་། ལུས་རྩལ་སྦྱོང་རྡར་བྱས་ན་སྙིང་ཁམས་ཁྲག་རྩའི་མ་ལག་གི་རྣམ་པ་དང་གྲུབ་ཚུལ། བྱེད་ལས་བཅས་ལ་ཤུགས་རྐྱེན་བཟང་པོ་ཡོད་པ་ནི་ཞིབ་འཇུག་འབོར་ཆེན་ལས་ཀྱང་ར་སྤྲོད་བྱས་ཡོད། ཡིན་ནའང་མི་རྒན་པའི་སྙིང་ཁམས་ཁྲག་རྩའི་ནུས་ཚད་ཀྱི་ཁྱད་ཆོས་ལྟར། ཞོགས་སྦྱོང་བྱེད་སྐབས་གཤམ་གསལ་གྱི་ཕྱོགས་འགར་མཉམ་འཇོག་བྱ་དགོས།

དང་པོ། འགུལ་ཚད་དལ་མོ་ནས་མགྱོགས་མོ་དང་ཆུང་བ་ནས་ཆེ་རུ་རིམ་འཇགས་སུ་བྱེད་པ་ལས། ཚད་མགྱོགས་པ་དང་དབུགས་ཁོག་ཏུ་སྡུད་པའི་སྦྱོང་རྡར་མ་བྱས་ན་བཟང་། དཔེར་ན། འཇུ་རེས་བྱེད་པ་དང་ལྗིད་འདེགས་སོགས་སྙིང་ཁམས་ལ་ལྗིད་འགེལ་བའི་ལུས་རྩལ་ལྟ་བུ།

གཉིས་པ། འགུལ་སྐྱོད་བྱེད་སྐབས་ཀྱི་སྣང་བ་དང་འགུལ་སྐྱོད་བྱས་རྗེས་ཀྱི་སྙིང་གི་འཁུམ་ལྷོད་ཚད་ལྟར་རང་གི་འགུལ་སྐྱོད་བྱེད་ཚད་ཚོད་འཛིན་ཤེས་དགོས། ཆ་རྐྱེན་ལྡན་པ་ཅན་གྱིས་གཟའ་འཁོར་རེར་ཁྲག་ཤེད་ཐེངས་རེར་འཇལ་དགོས།

གསུམ་པ། མི་རྒན་པའི་ལུས་རྩལ་སྦྱོང་རྡར་བྱེད་ཚད་ནི་ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་ཇེ་ཉུང་དུ་གཏོང་དགོས། རང་ཉིད་ཀྱི་ཉམས་སྣང་བཟང་རུང་འགུལ་སྐྱོད་བྱེད་ཚད་མུན་འཇོམ་གྱིས་ཇེ་མང་དུ་གཏོང་མི་རུང་། འགུལ་སྐྱོད་བྱེད་ཚད་ཆེ་བ་དང་བསྟུན་ནས་སྙིང་ཁམས་གློ་བུར་དུ་མི་བདེ་བ་འབྱུང་བ་འགོག་དགོས།

གཉིས་པ། འབྱིན་རྔུབ་མ་ལག་གི་ཁྱད་ཆོས་དང་མཉམ་འཇོག་བྱ་དགོས་པའི་གནད་དོན།

རྒན་པའི་འབྱིན་རྔུབ་ནུས་པ་དེ་ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་ཉིན་རེར་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། རྩིབ་རུས་སྲ་འགྱུར་དང་། གློ་བའི་ཚི་སྣའི་གྲུབ་ཆ་ཇེ་མང་དུ་གྱུར་ནས་ལྡེམ་ཤུགས་ཇེ་ཞན་དུ་འགྱུར། དེས་འབྱིན་རྔུབ་བྱེད་ནུས་ཇེ་ཞན་དུ་བསྒྱུར་བ་དང་འཕར་རྩའི་ནང་གི་ཁྲག་དབྱང་ལོངས་ཚད་ཇེ་ཞན་དུ་བསྒྱུར་སྲིད། དཔེར་ན། གློ་དབུགས་ཤོང་ཚད་དང་ཆེས་ཆེ་བའི་གློ་དབུགས་རྒྱུ་ཚད་མར་བབས་ནས་དབུགས་བརྒྱུད་ནུས་པ་དང་དབུགས་བརྗེ་ནུས་པ་ཇེ་ཞན་དུ་འགྱུར་ལ། གློ་དབུགས་ཤོང་ཚད་ཀྱང་ཇེ་ཞན་དུ་གྱུར་པ་མངོན་གསལ་རེད། དེ་བས་རྒན་པ་ལ་དབྱང་དབུགས་དཀོན་པ་རེད། ཁྲག་རྒྱུན་རྒྱུ་བ་ཇེ་དལ་དུ་སོང་བ་དང་ཁྲག་རྩ་ཕྲ་མོའི་རིགས་ཇེ་ཉུང་དུ་སོང་བས། ཁྲག་གི་འདོན་ཚད་ཉུང་ཞིང་རྩ་འཛུགས་ཕྲ་ཕུང་གི་ནུས་པ་ཇེ་ཞན་དུ་གྱུར་ནས། ཕྲ་ཕུང་རིགས་ཀྱི་འབྱིན་རྔུབ་ནུས་པ་ཇེ་ཞན་དུ་གྱུར་པ་རེད། དུས་མཚུངས་སུ་རྒན་པའི་བྲང་ཤ་དང་རུས་པའི་ཚིགས་རྒྱུས་ལ་འགྱུར་ལྡོག་བྱུང་བར་བསྟུན་ནས། བྲང་ཁོག་དུས་རྒྱུན་དུ་དབུགས་འབྱིན་རྔུབ་བྱེད་པར་གནས། རྒན་པའི་བྲང་ཁོག་གི་བྱང་ཚད་ཇེ་ཆུང་དུ་འགྲོ་བ་དང་བར་གསེང་ཇེ་ཆེར་འགྲོ་བའི་འགྱུར་ལྡོག་ལས་འབྱིན་རྔུབ་ནུས་པར་ཤུགས་རྐྱེན་ངན་པ་བཟོས་པ་རེད།

ལུས་རྩལ་སྦྱོང་རྡར་བྱས་ན་གློ་བའི་ལྡེམ་འགུལ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་འབྱིན་རྔུབ་ནུས་པ་ཇེ་མཐོར་གཏོང་བ། བྲང་ཁོག་འགུལ་ཚད་ཇེ་ཆེར་གཏོང་བ། སྔར་ཡོད་རྩ་འཛུགས་ཀྱི་དབུགས་བརྒྱུད་ནུས་པ་དང་དབུགས་བརྗེ་ནུས་པ་ལེགས་སྒྱུར་བྱེད་པ། དབྱང་དབུགས་འབྱིན་རྔུབ་ནུས་པ་ཇེ་ཆེར་བཏང་སྟེ། ལུས་པོའི་དོན་ལྔ་སྣོད་དྲུག་གི་རྙིང་ཚབ་གསར་བྱེད་ཇེ་མཐོར་གཏོང་ཐུབ། རྒྱུན་དུ་ལུས་རྩལ་སྦྱོང་རྡར་ནང་ཞུགས་ན་ལོ་ལོན་གྱི་དལ་བའི་གློ་ཡུའི་ཡན་ལག་གི་དབུགས་འཚང་བ་དང་གློ་བའི་ནད་རིགས་གཞན་པ་སྔོན་འགོག་བྱེད་ཐུབ། རྒན་པའི་འབྱིན་རྔུབ་མ་ལག་གི་འགྱུར་ལྡོག་ཁྱད་ཆོས་ལྟར། ཞོགས་སྦྱོང་བྱེད་དུས་གཤམ་གསལ་ལྟར་བསྒྲུབ་དགོས།

དང་པོ། ལུས་རྩལ་སྦྱོང་རྡར་བྱེད་སྐབས། ཚད་མི་ཆེ་བའི་འགུལ་སྐྱོད་བྱེད་ནའང་དབུགས་འབྱིན་རྔུབ་མང་པོ་བྱས་ནས། བྲང་ཁོག་གི་བྱང་ཚད་ཇེ་ཆུང་དུ་བཏང་སྟེ། དབུགས་འབྱིན་རྔུབ་བྱེད་དཀའ་བ་ཞི་ལྷོད་དུ་གཏོང་དགོས།

གཉིས་པ། ཐའེ་ཅི་དྲག་རྩལ་དང་རླུང་སྒོམ་པ་ལྟ་བུའི་གསུས་ཁོག་གི་དབུགས་འབྱིན་རྔུབ་བྱེད་པའི་ལུས་རྩལ་བདམས་ན་བཟང་། རྒྱུ་མཚན་ནི་འགུལ་སྐྱོད་འདི་རིགས་ཀྱིས་འབྱིན་རྔུབ་མ་ལག་གི་ནུས་པ་ལེགས་སྒྱུར་བྱེད་ཐུབ་པར་མ་ཟད། ལུས་པོའི་ནུས་པ་ཡོངས་རྫོགས་ཇེ་མཐོར་གཏོང་བ་དང་ལེགས་སྒྱུར་བྱེད་ཐུབ།

གསུམ་པ། ལུས་རྩལ་སྦྱོང་རྡར་བྱེད་ན་ཁོར་ཡུག་ལྷིང་འཇགས་ཡིན་ས་དང་མཁའ་དབུགས་གསར་བ་ཡིན་པའི་སྤྱི་གླིང་དང་ཡང་ན་སྡོང་གསེང་བདམས་ན་བཟང་། ཞོགས་པའི་མཁའ་དབུགས་ནང་ལུས་པོར་ཕན་པ་ཆེ་བའི་གྱེས་རྡུལ་མང་པོ་ཡོད། སྨུག་པ་ཆེ་བའི་ཞོགས་པར་ཁང་བའི་ནང་སྦྱོང་རྡར་བྱས་ན་བཟང་།

བཞི་བ། མྱུར་གཤིས་དབུགས་ལམ་གྱི་ནད་རིགས་ཡོད་ན་ལུས་རྩལ་སྦྱོང་རྡར་མ་བྱས་ན་བཟང་། 

རྩོམ་སྒྲིག་པ། འབྲུག་མོ།