བྱིས་པ་མང་བའི་ཁྱིམ་ཚང་གིས་ཚན་རིག་དང་མཐུན་པའི་གསོ་སྐྱོང་ལ་དོ་སྣང་བྱེད་དགོས།
2023.08.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་བཙའ་སྐྱེ་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས“བྱིས་པ་མང་བའི་དུས་རབས”ཤིག་ངང་གིས་བསུས་ཡོད། བྱིས་པ་མང་བའི་ཁྱིམ་ཚང་གི་སློབ་གསོར་དོ་སྣང་དང་རྒྱབ་སྐྱོར་བྱེད་རྒྱུ་ནི། བྱིས་པ་སྐྱེ་རན་པའི་བཟའ་ཚང་གི་བྱིས་པ་སྐྱེ་པའི་སེམས་ཤུགས་དང་འདོད་མོས་ལ་འབྲེལ་བ་ཡོད་པར་མ་ཟད། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ཀྱི་འཚོ་བར་ཡང་འབྲེལ་བ་དམ་ཟབ་ཡོད།

གཅིག ཕ་མར་སྔར་ལས་ལྷག་པའི་ཤེས་རྟོགས་དང་ལས་བགོས་ཡོད་རྒྱུ་གལ་ཆེ།

བྱིས་པ་ཁེར་སྐྱེས་ཅན་གྱི་ཁྱིམ་ཚང་དང་བསྡུར་ན། བྱིས་པ་མང་བའི་ཁྱིམ་ཚང་ལ་ཁྱིམ་ཚང་གི་སྒྲིག་གཞི་ལྡན་ཞིང་། ཁྱིམ་ཚང་སློབ་གསོའི་མ་རྩ་མཐོ་བའི་ཁྱད་ཆོས་ལྡན་པས། ཕ་མ་གཉིས་ཀས་རྒྱུན་པར་དུས་ཚོད་དང་ནུས་ཤུགས་སྔར་བས་མང་པོ་བཏོན་ནས་ལས་ཀ་དང་ཁྱིམ་ཚང་བར་གྱི་འབྲེལ་བ་དང་། ཁྱིམ་མི་ཕན་ཚུན་བར་གྱི་འབྲེལ་བ། བྱིས་པ་ཕན་ཚུན་བར་གྱི་འབྲེལ་བ་དང་འགལ་འདུ་བཅས་སྙོམས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་དགོས། དེའི་ཕྱིར་བྱིས་པ་མང་བའི་ཁྱིམ་ཚང་སྐོར་ཞིག་གི་ཕ་མར་སེམས་ཤུགས་ཡོད་ཀྱང་ནུས་ཤུགས་ཀྱིས་མི་འདང་བའི་དཀའ་ངལ་ལ་འཕྲད་དེ་བྱིས་པ་རེ་རེའི་དགོས་མཁོ་དང་འདོད་བློ་བསྐང་མི་ཐུབ། བརྟག་དཔྱད་ལས་ཤེས་གསལ་ལྟར་ན། བྱིས་པ་ཁེར་སྐྱེས་ཡིན་པའི་ཁྱིམ་ཚང་དང་བསྡུར་ན། བྱིས་པ་མང་བའི་ཁྱིམ་ཚང་གིས་ཐད་ཀར་བྱིས་པར་རེ་བ་འདོན་པ་དང་བཀའ་འབེབས་པ་སོགས་བཙན་ཚུགས་རང་བཞིན་གྱི་བྱེད་ཐབས་བཀོལ་གྱིན་ཡོད།

བྱིས་པ་མང་བའི་ཁྱིམ་ཚང་གི་གསོ་སྐྱོང་པས་ཤེས་དགོས་པ་ཞིག་ནི། ཁྱིམ་ཚང་སློབ་གསོའི་ཁྲོད་དུ་དགོས་ངེས་ཀྱི་སྒྲིག་སྲོལ་བཙུགས་ཏེ་ཚན་རིག་དང་བསམ་ཤེས་ཀྱིས་བྱིས་པ་འཚར་ལོངས་འབྱུང་བར་སྣེ་ཁྲིད་དགོས་པར་མ་ཟད། སྔར་ལས་ལྷག་པའི་བཟོད་བསྲན་བྱེད་དགོས། ཕྱོགས་གཅིག་ནས་རྣམ་འགྱུར་ལ་བརྟགས་ནས་ཁ་བརྡ་བྱེད་པ་དང་། གྲོས་བསྡུར་གྱིས་ཁྱིམ་མི་ཕན་ཚུན་བར་གྱི་འགལ་བ་བསྡུམས་ཏེ་འཆམ་མཐུན་ཁྱིམ་ཚང་གི་མཁའ་དབུགས་བསྐྲུན་དགོས། ཕྱོགས་གཞན་ཞིག་ནས་ཕ་མས་ཀྱང་རང་ཉིད་ལ་གནོན་ཤུགས་ཆེར་མི་སྟེར་བར་རང་ཉིད་ཀྱི་མི་འདང་ས་དང་ལེན་བྱེད་དགོས་པ་ལས། རང་ཉིད་ལ་རེ་བ་ནན་མོ་བཏོན་ནས་གནོན་ཤུགས་ཆེན་པོ་སྟེར་མི་རུང་།

གཉིས། འཆམ་མཐུན་གྱི་ཕུ་ནུའི་འབྲེལ་བར་མཐོང་ཆེན་བྱེད་དགོས།

བྱིས་པ་མང་བའི་ཁྱིམ་ཚང་དང་བྱིས་པ་ཁེར་སྐྱེས་ཁྱིམ་ཚང་བར་གྱི་མི་འདྲ་ས་གཅིག་ནི། ཁྱིམ་ཚང་གི་བྱིས་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཕུ་ནུའི་བར་གྱི་འབྲེལ་བས་བྱིས་པ་རེ་རེའི་སྤྱི་ཚོགས་དང་བརྩེ་སེམས་ནུས་སྟོབས་བར་གྱི་འཕེལ་རྒྱས་ལ་ཕན་ནུས་ཐོན་ངེས། ཡིན་ནའང་འཆམ་མཐུན་གྱི་ཕུ་ནུའི་འབྲེལ་བ་ཇི་ལྟར་འཛུགས་རྒྱུ་དང་། ན་ཟླའི་བར་གྱི་ཤུགས་རྐྱེན་བཟང་པོ་འདོན་སྤེལ་ཇི་ལྟར་བྱེད་རྒྱུ་ནི་བྱིས་པ་མང་བའི་ཁྱིམ་ཚང་གི་སློབ་གསོའི་ཁྲོད་ཀྱི་གྲོས་གཞི་གལ་ཆེན་ཞིག་ཡིན། བྱིས་པ་མང་བའི་ཁྱིམ་ཚང་གི་ཕ་མས་ལོ་ན་མི་འདྲ་བའི་བྱིས་པའི་ལུས་སེམས་ཀྱི་ཁྱད་ཆོས་དང་དགོས་མཁོར་རྒྱུས་ལོན་གང་མང་བྱས་ཏེ། བྱིས་པའི་བར་འཆམ་མཐུན་གྱི་ཕུ་ནུའི་འབྲེལ་བ་ཆགས་པར་ཐབས་ཤེས་གང་ལེགས་འདོན་དགོས།

ཕྱོགས་གཅིག་ནས་ཕ་མས་བྱིས་པ་ཆེ་བོའི་ཕུ་ནུའི་འབྲེལ་བའི་བར་གྱི་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་དང་སྣེ་ཁྲིད་དེ་བྱིས་པ་ཆེ་བོའི་ཁྱིམ་ཚང་གི་གོ་གནས་དང་འགྱུར་ལྡོག་ལ་དྲང་ཕྱོགས་ནས་གདོང་གཏོད་པ་དང་། ཁྱིམ་ཚང་གི་སྒྲིག་གཞིར་འགྱུར་ལྡོག་བྱུང་སྟེ་མིང་སྲིང་ཇེ་མང་དུ་སོང་བ་དང་བསྟུན་ནས་བྱིས་པ་ཆེ་བོའི་སེམས་ཁམས་ཐད་ཐོན་པའི་གནོན་ཤུགས་དང་ཕམ་སེམས་སེལ་ཐབས་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཚན་རིག་དང་མཐུན་པར་དཔེ་སྟོན་མིག་དཔེ་དང་། བརྩེ་སེམས་དོ་མཉམ། རོལ་མྱོང་སྐུལ་ལྕག་བཅས་ཀྱི་ཐབས་ལམ་སྤྱད་དེ། བྱིས་པས་ཕུ་ནུའི་སྣང་བརྙན་དང་བྱིས་པ་ཆེ་བོའི་སྣང་བརྙན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པར་རོགས་རམ་གནང་བ་དང་། བྱིས་པ་ཆེ་བོས་རང་མོས་སྒོས་མིང་སྲིང་གསོ་སྐྱོང་གི་ལས་ཀར་ཟབ་ཞུགས་བྱེད་པར་སྣེ་ཁྲིད་དང་། མིང་སྲིང་ལ་རོགས་རམ་བྱས་པ་ལས་བྱུང་བའི་འབྲས་བཟང་གི་འདུ་ཤེས་ཚོར་དུ་འཇུག་པ། བྱིས་པ་ཆེ་བོའི་འགན་སེམས་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། དུས་མཚུངས་སུ་ལོ་ན་ཆུང་བའི་བྱིས་པས་ཀྱང་བྱིས་པ་ཆེ་གྲས་ལ་སེམས་ཁུར་དང་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་དེ་འཆམ་མཐུན་གྱི་ཕུ་ནུའི་འབྲེལ་བ་ཆགས་པར་སྐུལ་འདེད་གཏོང་དགོས། གཞན་ཡང་། བྱིས་པ་མང་བའི་ཁྱིམ་ཚང་དུ། ཕ་མས་བྱིས་པ་རེ་རེའི་ངོས་ཐད་ཀྱི་མཐར་ཐུག་གི་འདྲ་མཉམ་མངོན་འགྱུར་བྱེད་མི་ཐུབ་ཅིང་། ཐོན་ཁུངས་བགོ་བྱའི་ཁྲོད་དུའང་བལྟོས་མེད་ཀྱི་འདྲ་མཉམ་ལེགས་འགྲུབ་བྱེད་དཀའ། དེར་བརྟེན་རང་འགུལ་གྱིས་གསལ་བཤད་བྱས་ཏེ་ལྷད་མེད་ཀྱི་རྣམ་འགྱུར་གྱིས་བྱིས་པས་ཕ་མ་དང་ཕུ་ནུའི་བར་བསམ་ཤེས་ཐུབ་པ་བྱས་ཏེ། ཁྱིམ་མི་ཕན་ཚུན་བར་གྱི་འགལ་འདུ་སྔོན་འགོག་གང་ལེགས་ཀྱིས་ཕ་མ་བུ་ཕྲུག་དང་ཕུ་ནུ་མིང་སྲིང་ཕན་ཚུན་བར་བདེ་ཐང་གི་འབྲེལ་བ་འཛུགས་དགོས།

གསུམ། མཐའ་བསྐོར་ནུས་སྒྲུབ་ཀྱི་ཤུགས་རྐྱེན་གང་ནུས་ཀྱིས་སྔོན་འགོག་བྱེད་དགོས།

ཨ་རིའི་སྤྱི་ཚོགས་རིག་པ་སྨྲ་བ་ཧའོ་མན་ཟིས་བཏོན་པའི་མཐའ་བསྐོར་ནུས་སྒྲུབ་ཀྱི་གཞུང་ལུགས་ལས་བསྟན་དོན། མི་རྣམས་ཀྱིས་བྱ་དངོས་ཤིག་ལ་རེ་སྨོན་དང་བཅས་ཐོག་མར་རོལ་མྱོང་བྱེད་དུས་བརྩེ་དུང་ཆེས་ཟབ་ཅིང་། བྱ་དངོས་ལ་འབྲེལ་འདྲིས་བྱེད་ཐེངས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་རོལ་མྱོང་གི་ཚོར་སྣང་ཡང་ཇེ་ཆུང་དུ་འགྲོ་ངེས། བྱིས་པ་ཁེར་སྐྱེས་ཁྱིམ་ཚང་དུ་བྱིས་པ་གཅིག་མ་གཏོགས་མེད་པའི་རྒྱུ་མཚན་གྱིས་ཕ་མ་རྒན་རྒོན་སུ་ཡིན་ཡང་བྱིས་པ་དེ་གཅིག་པུར་མཐོང་ཆེན་དང་ཐུགས་ཁུར་གང་ལེགས་གནང་ཞིང་། བྱིས་པ་འཚར་ལོངས་བྱུང་བའི་དུས་རིམ་སོ་སོའི་ནང་གི་རེ་བ་སྐོང་ཐུབ་ཅིང་། བྱིས་པའི་མ་འོངས་པའི་འཚར་ལོངས་ཐད་བརྩེ་སེམས་དང་རེ་སྨོན་ཚད་མེད་བཅོལ་ཡོད། ཡིན་ནའང་བྱིས་པ་མང་བའི་ཁྱིམ་ཚང་ལ་མཚོན་ན། བྱིས་པ་གཉིས་པ་དང་དེ་ལས་མང་བའི་བྱིས་པ་སྐྱེས་རྗེས། ལས་ཀའི་གནོན་ཤུགས་དང་ཁྱིམ་ལས་ཙག་ཙིག་སོགས་ཀྱི་རྒྱུ་རྐྱེན་གྱིས་བྱིས་པར་དོ་སྣང་བྱེད་ཚད་ཇེ་ཆུང་དུ་འགྲོ་ངེས།

བྱིས་པ་མང་བའི་ཁྱིམ་ཚང་གི་ཕ་མས་ངེས་པར་དུ་ངོས་འཛིན་བཅོས་བསྒྱུར་བྱེད་དགོས་ཏེ། བྱིས་པ་མང་པོ་གསོ་སྐྱོང་བྱེད་རྒྱུ་ནི་རང་ངོས་ཀྱི་འགན་འཁྲི་དང་འོས་འགན་ཡིན་པའི་འདུ་ཤེས་ཡོད་དགོས་པར་མ་ཟད། བྱིས་པ་སྙོར་སྐྱོང་ནི་མི་ཚེའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རང་ངོས་ཀྱི་ཐུན་མིན་རྒྱུ་སྤུས་འཐུས་ཚང་དང་། རང་ཉིད་འཚར་ལོངས་འབྱུང་བའི་གོ་སྐབས་ཤིག་ཡིན་པ་ཤེས་དགོས། བྱིས་པ་མང་བའི་ཁྱིམ་ཚང་གི་ཕ་མས་ཐེངས་མང་པོར་བྱིས་པའི་ཕ་མར་གྱུར་པའི་བརྒྱུད་རིམ་ཁྲོད་བྱིས་པ་སྙོར་སྐྱོང་གི་དགའ་སྣང་ཚོར་ཐུབ་པར་མ་ཟད། འགན་འཁྲིའི་འདུ་ཤེས་ཀྱིས་བྱིས་པ་རེ་རེའི་འཚར་ལོངས་ལ་གདོང་གཏད་དེ། ཤེས་ཚོར་ཡོད་པའི་སྒོ་ནས་རང་ངོས་ཀྱི་ལྟ་རྟོག་དང་། འབྲེལ་འདྲིས། ཐུན་མོང་བརྩེ་སེམས་བཅས་ཐད་ཀྱི་ནུས་པ་མཐོར་འདེགས་གཏོང་བ་དང་། ཚད་ངེས་ཅན་གྱི་སྒོ་ནས་མཐའ་བསྐོར་ནུས་སྒྲུབ་ཀྱིས་བུ་ཕྲུག་གསོ་སྐྱོང་ཐད་ཐེབས་པའི་ཤུགས་རྐྱེན་སྔོན་འགོག་བྱེད་དགོས།

བཞི། འོས་འཚམ་སྒོས་དུས་ཚོད་དང་ཐོན་ཁུངས་བེད་སྤྱོད་བྱེད་དགོས།

བྱིས་པ་ཇེ་མང་དང་གསོ་སྐྱོང་གི་མ་རྩ་ཇེ་མཐོར་སོང་བ་དང་བསྟུན་ནས། གསོ་སྐྱོང་མཁན་གྱི་འཛད་ངེས་པའི་སེམས་ཁམས་ཀྱི་ཐོན་ཁུངས་ཀྱང་ཇེ་མཐོར་འགྲོ་ངེས། བྱིས་པ་ཁེར་སྐྱེས་ཁྱིམ་ཚང་དང་བསྡུར་ན། བྱིས་པ་མང་བའི་ཁྱིམ་ཚང་གི་ཕ་མས་དུས་ཚོད་སྔར་བས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། ལས་ཀ་དང་འཚོ་བའི་བར་གྱི་དུས་ཚོད་ལ“སྟོང་ཆ”བསྐྱུར་ཏེ། ལས་ཀ་དང་ཁྱིམ་ཚང་གི་འཚོ་བའི་དུས་ཚོད་བཀོད་སྒྲིག་བྱེད་ཤེས་དགོས། དེ་ལྟར་བྱས་ཚེ་སྔར་བས་ལྷོད་ཆ་ལྡན་པའི་ངང་ནས་འགྲན་སློང་གདོང་གིས་བསུ་ཕོད་ལ། འཚོ་བའི་གནོན་ཤུགས་སམ་ལས་ཀ་དང་བྱིས་པ་སྙོར་སྐྱོང་བར་གྱི་འགལ་འདུ་ཡིས་བསྐྱེད་པའི་རྒྱུན་རིང་བའི་སེམས་ཚེགས་སྔོན་འགོག་བྱེད་ཐུབ། ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་ཡོད་ཀྱི་ཚན་རིག་ཤེས་བྱར་དོ་སྣང་བྱས་ཏེ། ཁྱིམ་ཚང་སློབ་གསོའི་བསམ་ཕྱོགས་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། བྱིས་པ་མང་བའི་ཁྱིམ་ཚང་གི་གསོ་སྐྱོང་གནད་དོན་ལ་གདོང་གཏོད་ཐུབ་པ་དང་། རང་ངོས་ཀྱི་ནུས་སྒྲུབ་འདུ་ཤེས་སྔར་བས་བརྩོན་ལེན་བྱེད་པ་བཅས་བརྒྱུད་དེ་ཁྱིམ་ཚང་སློབ་གསོའི་དཀའ་གནད་སེལ་བའི་སེམས་ཤུགས་དང་སྙིང་སྟོབས་མཐོར་འདེགས་གཏོང་དགོས། བྱིས་པ་མང་བའི་ཁྱིམ་ཚང་གི་ཕ་མས་རང་གི་འཁྲིས་ཀྱི་མི་ཤུགས་དང་མིའི་འབྲེལ་འདྲིས་ཀྱི་ཐོན་ཁུངས་བེད་སྤྱོད་དང་འདོན་སྤེལ་གང་ལེགས་གནང་ཆོག་སྟེ། དགོས་གལ་ལ་ཐུག་ཚེ། ཁྱིམ་མི་དང་གྲོགས་པོ། ལས་གྲོགས་སོགས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ཆོག་པས། ཁྱིམ་ཚང་སློབ་གསོའི་རྒྱུ་སྤུས་དང་ལས་ཆོད་ཐད་ལའང་ཕན་པ་མི་ཉུང་བ་ལྡན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།