འབྲས་སྐྲན་འབྱུང་སླ་བའི་གནས་འགའ།
2023.08.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

འབྲས་སྐྲན་ཕྲ་ཕུང་ནི་ལུས་ཡོངས་སུ་ཧ་ཅང་འཁྲུག་པོར་གནས་ཏེ། སེན་མོ་དང་མགོ་སྐྲ་མ་གཏོགས་ཕལ་ཆེར་ལུས་ཀྱི་ག་ས་གང་དུ་གནས་ཡོད་ཅེས་བཤད་ཆོག དེ་ནི་ལུས་པོའི་གནས་ཡོངས་སུ་ཁྱབ་ཐུབ་པ་ཞིག་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། ལུས་ཀྱི་གནས་བཅུ་གཉིས་ལ་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་ཞིང་། དེ་དག་གིས་འབྲས་སྐྲན་ཡོངས་ཀྱི80%ཡན་ཟིན་ཡོད།

གློ་བ། ཕོ་མོ་གང་ཞིག་ཡིན་རུང་། འབྱུང་ཚད་ཆེས་མཐོ་བའི་འབྲས་སྐྲན་ནི་གློ་སྐྲན་ཡིན། དེའི་རྒྱུ་རྐྱེན་ལ་གཉིས་ཡོད་དེ། གཅིག་ནི་ཐ་མག་འཐེན་པ་དེ་རེད། 30%ཡི་སྐྲན་གྱི་འབྱུང་རྐྱེན་ནི་ཡུན་རིང་དུ་ཐ་མག་འཐེན་པ་དེ་རེད་ལ། དེའི་ཁྲོད་ཀྱི་འབྲེལ་བ་ཆེས་ཟབ་པ་ནི་གློ་སྐྲན་རེད། གཉིས་ནི་ཁོར་ཡུག་ལ་སྦགས་བཙོག་ཐེབས་པ་དེ་རེད། མཁའ་དབུགས་ལ་སྦགས་བཙོག་ཐེབས་པ་ཡང་གློ་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་རེད།

ནུ་མ། ནུ་སྐྲན་ནི་བུད་མེད་ལ་འབྱུང་ཚད་ཆེས་མཐོ་བའི་སྐྲན་རིགས་ཤིག་ཡིན་ཏེ། འབྱུང་རྐྱེན་ལ་གཙོ་བོ་ཡུན་རིང་དུ་ཚིལ་མཐོ་བ་དང་ནུས་དྲོད་མཐོ་བའི་ཟས་རིགས་བཟའ་བ་དང་། སེམས་ལ་གནོན་ཤུགས་ཆེ་བ། གཉེན་སྒྲིག་བྱེད་འཕྱི་བ་དང་ཕྲུ་གུ་བཙའ་འཕྱི་བ་སོགས་ཡོད།

ཕོ་བ། ཚྭ་དང་ཚྭ་བསྙལ་ཟས་རིགས། སུར་པན་དམར་པོ། ལས་སྣོན་བྱས་པའི་ཤའི་རིགས། དུ་བས་བདུག་པའི་ཟས་རིགས། བསྲེག་ཟས་སོགས་ནི་ཕོ་འབྲས་འབྱུང་བའི་རྒྱུ་རྐྱེན་ཡིན་པ་ལས་གཞན་ད་རུང་ཕོ་བའི་འབྱར་སྐྱི་ལ་འགྱུར་ལྡོག་བྱུང་བ་དང་འཁུམ་གཤིས་ཕོ་ཚད་བྱུང་བ་ལས་ཀྱང་ཕོ་འབྲས་བསྐྱེད་པ་རེད། དེ་ལས་གཞན་ད་རུང་ཕོར་བ་གཅིག་གི་ནང་དུ་ཟ་མ་བཟའ་བ་དེ་ཡང་ཕོ་འབྲས་ཀྱི་ཐད་ཀའི་འབྱུང་རྐྱེན་ཏེ་ཚགས་སྒོ་དུང་འཁྱིལ་ནར་སྲིན་ཁྱབ་པའི་རྒྱུ་ཡིན།

མཆིན་པ། མཆིན་ཚད་ཁ་པའི་ནད་དུག་རེད་པ་དང་རླམ་སེར་དུག་རྒྱུས་སྦགས་བཙོག་ཐེབས་པའི་འབྲུ་རིགས་དང་སྲན་རིགས་བཟའ་བ། ཡུན་རིང་དུ་ཆང་འཐུང་བ་སོགས་ནི་མཆིན་འབྲས་ཀྱི་ཐད་ཀའི་འབྱུང་རྐྱེན་ཡིན།

མིད་པ། མིད་པའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཇ་ཚ་མོ་འཐུང་བ་སོགས་ཟས་རིགས་ཚ་མོ་བཟའ་རྒྱུར་དགའ་བ་དེ་ཡིན་ལ། གཞན་ད་རུང་ཐ་མག་འཐེན་པ་དང་ལུས་ལ་ཚོ་རྒྱས་པ། ལས་སྣོན་བྱས་པའི་ཤ་རིགས་བཟའ་བ་སོགས་ཀྱང་མིད་པའི་འབྲས་སྐྲན་གྱི་ཐད་ཀའི་འབྱུང་རྐྱེན་ཡིན། དེར་མ་ཟད་ཕོ་སྐྱུར་ལྡོག་སྐྱུག་བྱེད་པ་དེ་ཡང་མིད་པའི་འབྲས་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།

ལོང་ག སྐམས་ལུག་གི་ཤ་དང་ཕག་ཤ། ཚ་ཚད་མཐོ་བའི་སྣུམ་བཙོས་ཟས་རིགས་སོགས་བཟའ་བ་དང་། རྒྱུན་དུ་ཆང་འཐུང་བ་སོགས་ཀྱིས་ལོང་འབྲས་བསླང་ལ། གཉན་ཚད་རིགས་ཀྱི་རྒྱུ་ནད་ཀྱིས་ཀྱང་ལོང་འབྲས་འབྱུང་བའི་ཉེན་ཁ་ཇེ་མཐོར་གཏོང་བ་རེད།

གཅིན་ལྒང་། ཞིབ་འཇུག་ལས་མངོན་པ་ལྟར་ན། འཐུང་ཆུའི་ཁྲོད་ཀྱི་ཧྲེན་ནི་ལྒང་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་རེད། དེ་ལས་གཞན་ད་རུང་རྒྱུན་དུ་གཅིན་བསྲན་བྱས་པ་ལས་ཀྱང་ལྒང་སྐྲན་འབྱུང་བ་རེད།

གཤེར་རྨེན། གཤེར་རྨེན་འབྲས་ནི་འབྲས་སྐྲན་ཁྲོད་ཀྱི“ཕྱུག་པོའི་ནད”རིགས་སུ་གཏོགས། ཚོ་རྒྱས་པ་དང་གཅིན་སྙིའི་ཟ་ཁུའི་ནད་ནི་ནད་འདིའི་འབྱུང་རྐྱེན་ཡིན།

རྨེན་བུ། རྨེན་བུ་དང་ཁྲག་བཟོ་མ་ལག་གི་འབྲས་སྐྲན་ལ་གཙོ་བོ་རྨེན་བུའི་སྐྲན་དང་ཁྲག་རིལ་དཀར་པོའི་ནད། ཕོག་སླ་བའི་རྐང་མར་སྐྲན་སོགས་འདུ་ལ། ཁོར་ཡུག་སྦགས་བཙོག་དང་ནད་དུག་རེད་པ། ཚོ་རྒྱས་པ་སོགས་ནི་རྨེན་བུའི་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།

མཁལ་མ། ཚོ་རྒྱས་པ་དང་འཐུང་ཆུའི་ཁྲོད་ཀྱི་ཧྲེན་འདུས་ཚད་མཐོ་བ། ཐ་མག་འཐེན་པ་སོགས་ནི་མཁལ་འབྲས་ཀྱི་འབྱུང་རྐྱེན་གསུམ་ཡིན།

མངལ་རྐེད་དང་བསམ་སེའུ། མངལ་རྐེད་འབྲས་དང་བསམ་སེའུ་འབྲས་སྐྲན་གྱི་འབྱུང་རྐྱེན་ལ་མཚན་སྐྱེལ་བའི་དབང་གིས་གསང་རྒྱུད་ཟགས་གཤེར་འཁྲུགས་པ་དང་འཁྲུག་སྤྱོད་བྱེད་སྔ་བ་སོགས་མང་པོ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།