གཅིག ཚ་དུག་ཕོག་རྗེས་མྱུར་དུ་ཆུ་ཁོལ་མང་པོ་འཐུང་དགོས་པར་བཤད་པ།
མི་རྣམས་ཀྱི་བློ་ངོར་ཚ་དུག་ཕོག་རྗེས་རྔུལ་ཆུ་མང་དུ་བཞུར་བ་དང་ལུས་སྟེང་གི་ཆུ་ཤོར་སླ་བས། མྱུར་དུ་ཆུ་ཁོལ་མང་པོ་འཐུང་དགོས་པར་འདོད་ཀྱིན་ཡོད།
དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་ཏེ།ཚ་དུག་ཕོག་པའི་མིས་དུས་ཡུན་ཐུང་ངུའི་ནང་ཆུ་ཁོལ་མང་པོ་འཐུང་ན། ཕོ་བ་འཁྱིལ་གསོག་འབྱུང་བ་དང་ཐ་ན་ཕོ་བ་ཚ་འཁུམ་འབྱུང་བའི་ཉེན་ཁའང་ཆེ།
ཚ་དུག་ཕོག་རྗེས་མྱུར་དུ་ཆུ་ཁོལ་མང་པོ་འཐུང་ན་ཚ་དུག་ཕོག་མཁན་དེའི་ལུས་སྟེང་གི་གློག་འབྱེད་རྫས་འཁྲུགས་ཏེ། ཤ་གནད་རེངས་འཁུམ་དང་ཐང་ཆད་པ་སོགས་ཀྱི་ནད་རྟགས་འབྱུང་བར་མ་ཟད། རྔུལ་ཆུ་མང་པོ་བཞུར་ཏེ་ལུས་སྟེང་གི་ཚྭ་དང་ཆུ་མང་པོ་ཤོར་ཞིང་། ཚབས་ཆེ་བའི་སྐབས་སུ་ཕོ་བ་ཚ་འཁུམ་འབྱུང་བ་རེད།
འཐུང་སྟངས་ཡང་དག་ནི་ཆུ་ཉུང་ངུ་རེ་ཐེངས་མང་པོར་འཐུང་བ་དང་། ཐེངས་རེར་ཧའོ་ཧྲིན300ལས་མི་བརྒལ་བ་བྱེད་དགོས།དེ་ལས་གཞན་ད་རུང་གང་ནུས་ཅི་ཐུབ་ཀྱིས་ཚྭ་ཉུང་བའི་ཆུ་འཐུང་སྟེ་དུས་ཐོག་ཏུ་གློག་འབྱེད་རྫས་འཁྲུགས་པའི་གནས་ཚུལ་ལ་གཡོལ་དགོས་པ་དང་། ཚ་དུག་ཕོག་པའི་ནད་རྟགས་ཇེ་ཡང་དུ་སོང་རྗེས། ཆུ་ཁོལ་དྲོད་འཇམ་ཉུང་ཉུང་རེ་ཐེངས་མང་པོར་འཐུང་དགོས།
གཉིས། ལུས་སྦྱོང་བྱས་རྗེས་ཆུ་འཁྱགས་འཐུང་མི་རུང་བར་བཤད་པ།
དབྱར་ཁར་ལུས་སྦྱོང་བྱས་རྗེས། རྔུལ་ཆུ་མང་པོ་བཞུར་བ་དང་སྐོམ་སྣང་ཇི་ལྟར་བྱུང་ནའང་ཆུ་འཁྱགས་འཐུང་མི་རུང་། དེ་མིན་ན་ལུས་པོར་གནོད་པ་ཆེན་པོ་ཡོད་ཅེས་པའི་དཀྲོག་གཏམ་ཞིག་གང་སར་ཁྱབ་འདུག
བཤད་ཚུལ་དེ་ནི་ཡང་དག་ཅིག་མིན། ལུས་སྦྱོང་བྱས་རྗེས་ཆུ་འཁྱགས་འཐུང་རུང་བ་ཡིན། ཆུ་འཁྱགས་འཐུང་ན་ལུས་པོའི་དྲོད་ཚད་མྱུར་མོར་མར་བབས་ཏེ། ཚ་དུག་ཕོག་པ་དང་ཆུ་ཤོར་བ་འགོག་ཐུབ།
ལུས་སྦྱོང་བྱས་རྗེས་ཆུ་འཁྱགས་འཐུང་རུང་བ་ཡིན་མོད། འོན་ཀྱང་ཀུན་གྱིས་འཐུང་རུང་བའི་ངེས་པ་མེད། རྒྱུ་མཚན་ནི་མི་ཁ་ཤས་ཤིག་ལ་དུས་རྒྱུན་དུ་ཆུ་འཁྱགས་འཐུང་བའི་གོམས་སྲོལ་མེད་པས། ཆུ་འཁྱགས་ཀྱིས་ཕོ་རྒྱུ་ལ་ཕོག་ཐུག་བཏང་སྟེ། ཕོ་བ་མི་བདེ་བ་དང་ཕོ་བ་འཁུམ་པ་སོགས་ཀྱི་གནས་ཚུལ་འབྱུང་སླ།
སྤྱིའི་ཆ་ནས་བཤད་ན། ལུས་སྦྱོང་བྱས་རྗེས་ཆུ་འཁྱགས་འཐུང་རུང་མིན་དེ་རང་ཉིད་ཀྱི་དུས་རྒྱུན་གྱི་གོམས་སྲོལ་དང་བསྟུན་དགོས། ཆུ་འཁྱགས་འཐུང་མི་གོམས་པའི་མིས་ལུས་སྦྱོང་བྱས་རྗེས་ཆུ་དྲོད་འཇམ་འཐུང་བ་དང་ཉུང་ངུ་རེ་ཡུན་གྱིས་འཐུང་དགོས། འཐུང་ཐེངས་རེར་ཧའོ་ཧྲིན200ཡས་མས་རེ་འཐུང་ནས་ཡུན་གྱིས་ཁ་གསབ་བྱེད་དགོས།
གསུམ། མངལ་སྦྲུམ་རྗེས་ལོ་མའི་སྐྱུར་རྒྱུ་བཟའ་བ་དང་ཇི་ལྟར་བཟའ་སྔ་ན་དེ་ལྟར་བཟང་བར་བཤད་པ།
བུད་མེད་རྣམས་ཀྱིས་མངལ་སྦྲུམ་པར་གྲ་སྒྲིག་བྱེད་སྐབས། སྔ་མོ་ནས་ལོ་མའི་སྐྱུར་རྒྱུ་བཟའ་བ་དང་། ཇི་ལྟར་བཟའ་སྔ་ན་དེ་ལྟར་བཟང་བར་བཤད་པ་དེ་ནི་དཀྲོག་གཏམ་ཞིག་ཡིན།
ཇི་ལྟར་བཟའ་སྔ་ན་དེ་ལྟར་བཟང་བའི་ངེས་པ་མེད། ལོ་མའི་སྐྱུར་རྒྱུ་ནི་ཆུར་ཞུ་རང་བཞིན་གྱི་འཚོ་རྒྱུ་ཞིག་ཡིན་པས། ཨན་གཞི་སྐྱུར་དང་ཉིང་སྐྱུར་རྙིང་ཚབ་གསར་བརྗེ་བྱེད་པའི་ཐད་བྱེད་ནུས་ངེས་ཅན་ཐོན་པ་དང་།ཕྲ་ཕུང་སྐྱེ་འཕེལ་དང་ཕུང་གྲུབ་གྱེས་འགྱུར།ལུས་པོ་འཚར་ལོངས་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་པས། མངལ་སྦྲུམ་པར་གྲ་སྒྲིག་བྱེད་སྐབས་ཀྱི་འཚོ་བཅུད་གལ་ཆེན་ཞིག་ཡིན། གལ་ཏེ་ལོ་མའི་སྐྱུར་རྒྱུ་ཆད་ན། སྦྲུམ་བུའི་དབང་རྩའི་འཚར་ལོངས་ལ་གནོད་པ་ཐེབས་སྲིད།
ལོ་མའི་སྐྱུར་རྒྱུ་ནི་ལུས་སྟེང་ནས་གྲུབ་མི་ཐུབ་པ་དང་། ཟས་རིགས་ཀྱི་ནང་ནས་སྡུད་ལེན་བྱེད་དཀའ་བས། བུད་མེད་རྣམས་ཀྱིས་མངལ་སྦྲུམ་པར་གྲ་སྒྲིག་བྱེད་སྐབས་ཆེད་དུ་ལོ་མ་སྐྱུར་ཁ་གསབ་བྱས་ན་བཟང་། ཡིན་ཡང་ཇི་ལྟར་བཟའ་སྔ་ན་དེ་ལྟར་བཟང་བ་དང་བཟའ་ཚད་ཇི་ལྟར་མང་ན་དེ་ལྟར་བཟང་བའི་ངེས་པ་མེད། ལོ་མའི་སྐྱུར་རྒྱུ་བཟའ་བའི་དུས་ཚོད་ནི་མངལ་སྦྲུམ་པར་གྲ་སྒྲིག་བྱེད་པའི་ཟླ་གསུམ་གྱི་སྔོན་ནས་མགོ་བརྩམས་ཏེ། ཕྲུ་གུ་བཙས་རྗེས་ཀྱི་ཟླ3བར་དུ་ཡིན་ལ། ཉིན་རེར་ཧའོ་ཧྲིན400ནས800བར་བཟའ་དགོས།
བཞི། སྤྲོ་དགའ་ཆེ་བའི་མི་ལ་ཡི་མུག་ནད་མི་འབྱུང་བར་འདོད་པ།
མི་མང་པོ་ཞིག་གིས་ཡི་མུག་ནད་པ་རྣམས་ལ་དུས་ཡུན་རིང་པོར་སེམས་མི་སྐྱིད་པ་དང་འཚོ་བར་སྤྲོ་བ་མེད་པ་སོགས་ཀྱི་ནད་རྟགས་འབྱུང་བས། རྒྱུན་དུ་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་རོལ་བའི་མི་ལ་ཡི་མུག་ནད་མི་འབྱུང་བར་འདོད་ཀྱིན་ཡོད།
འདི་ནི་རྒྱུན་མཐོང་གི་ནོར་འཁྲུལ་ཞིག་ཡིན་ཏེ། དུས་རྒྱུན་དུ་སྤྲོ་དགའ་ཆེ་བའི་མི་ལའང་ཡི་མུག་ནད་འབྱུང་བ་རེད།
ཡི་མུག་ནད་ཀྱི་ནང་དུ“དགའ་འཛུམ་ཅན་གྱི་ཡི་མུག་ནད”ཟེར་བ་ཞིག་ཡོད་ལ། དེ་ལ་སྤྱིར་བཏང་གི་ཡི་མུག་ནད་དང་མཚུངས་པའི་ཚོར་སྐྱེན་དང་རང་དམན་སོགས་ཀྱི་ཁྱད་ཆོས་ཡོད་པར་མ་ཟད། ད་རུང་ལེགས་འཛོམས་རིང་ལུགས་དང་འཁྲབ་སྟོན་ཅན་གྱི་མི་གཤིས་ལྡན་པ་རེད།
ཁོ་ཚོས་རྒྱུན་དུ་ལེགས་འཛོམས་རིང་ལུགས་ཀྱི་འཁྲབ་སྟོན་བྱས་པའམ་ཡང་ན་རང་ཉིད་ཀྱི་སེམས་ཁམས་མི་ལེགས་པ་དེས་ཉེ་འགྲམ་གྱི་མི་ལ་ངན་ཤུགས་ཐེབས་པར་དོགས་ཤིང་། གཞན་ལ་གནོན་ཤུགས་སྟེར་མི་འདོད་པ་རེད། དེ་བས་རང་ཉིད་ཀྱི་ཡི་མུག་པའི་སེམས་ཁམས་དེ་སྦས་ཏེ་ཡོད་ཚད་འཛུམ་མདངས་ཀྱིས་བསུ་བར་གོམས་ཡོད། ནང་སེམས་སྡུག་བསྔལ་གྱིས་ཇི་ལྟར་མནར་ནའང་གདོང་ལ་སྔར་བཞིན་འཛུམ་མདངས་མངོན་ཏེ་དགའ་དགའ་སྤྲོ་སྤྲོས་འཚོ་ཞིང་སྤྲོ་བའི་ངང་ནས་འཚོ་བ་རོལ་བཞིན་པའི་འཁྲུལ་སྣང་ཞིག་སྦྱིན་ཅི་ཐུབ་བྱེད་ངེས་པས། ཁོ་ཚོར་ཡི་མུག་ནད་ཡོད་པ་ཤེས་དཀའ། དེའི་རྐྱེན་གྱིས་ཡི་མུག་ནད་བྱུང་ཡོད་མེད་དེ་མིའི་ཕྱི་ཚུལ་ཙམ་ལ་བལྟས་ནས་ཐག་གཅོད་བྱེད་མི་ཐུབ།
ལྔ། འཁྱགས་སྒམ་དུ་བཞག་པའི་ཟས་རིགས་ལ་རུལ་རྒྱུ་མེད་པར་འདོད་པ།
མི་མང་པོ་ཞིག་གིས་འཁྱགས་སྒམ་དུ་བཞག་པའི་ཟས་རིགས་ལ་རུལ་རྒྱུ་མེད་པར་འདོད་ཀྱིན་ཡོད།
དོན་དངོས་ནི་དེ་འདྲ་ཞིག་མ་ཡིན་ཏེ། ཟས་རིགས་འཁྱགས་སྒམ་དུ་བཞག་པ་ཡིས་འབུ་སྲིན་འགོག་མི་ཐུབ། འཁྱགས་སྒམ་གྱི་ནང་དུ“གྲང་ཞེན་སྲིན”ཡོད་ལ། གྲང་ཞེན་སྲིན་རིགས་ནི་གོར་ཐིག་མན་གྱི་ཏུའུ་གྲངས་འོག་ནས་ཀྱང་གསོན་ཐུབ། གོར་ཐིག་མན་གྱི་ཏུའུ15ནས20བར་ནི་འབུ་སྲིན་དེར་ཆེས་འཚམ་པའི་ཏུའུ་གྲངས་རེད། གལ་ཏེ་འཁྱགས་སྒམ་དུ་བཞག་པའི་ཟས་རིགས་ལ་འབུ་སྲིན་དེས་སྦགས་བཙོག་ཐེབས་ན། ཟས་རིགས་ནི་དེའི“གནས་མལ”ཆེས་ལེགས་པོར་འགྱུར་བ་རེད།
ལི་སི་ཐི་སྲིན་ནི་འཁྱགས་སྒམ་དུ་འབྱུང་སླ་བའི་གྲང་ཞེན་འབུ་སྲིན་ཞིག་ཡིན་ལ། ལི་སི་ཐི་སྲིན་འགོས་པའི་བདེ་ཐང་གི་མི་དར་མར་ཆམ་རིམས་དང་འདྲ་བའི་ནད་རྟགས་འབྱུང་བ་དང་། རིམས་འགོག་ནུས་པ་ཞན་པའི་མི་ལ་འགོས་ན་གློ་བུར་ཚ་རྒྱས་པ་དང་མགོ་བོ་ན་བ། སྐྱུགས་མེར་ལངས་པ། ཁོག་པ་བཤལ་བ། ཁྲག་རྒུད་ནད། ཀླད་རྒྱའི་གཉན་ཚད་སོགས་ཀྱི་ནད་རྟགས་འབྱུང་ཞིང་སྦྲུམ་མར་ད་རུང་མངལ་ཤོར་བའི་ཉེན་ཁ་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།