བྱིས་པ་རློན་ནུའི་བདག་སྐྱོང་བྱེད་ཐབས།
2023.09.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱིས་པ་སྐྱེས་ནས་ཉིན་ཉེར་བརྒྱད་ཀྱི་ནང་དུ་བྱིས་པ་རློན་ནུའི་དུས་སྐབས་ཡིན། ཚེ་སྲོག་གསར་བ་ཞིག་ཁྱིམ་དུ་ཐོན་པས་སྤྲོ་སྐྱིད་འཁྱེར་ཡོང་བའི་ཞོར་དུ་འགན་འཁུར་ཡང་བསྐྱལ་ཡོང་ཡོད་པ་རེད། གཅེས་ཕྲུག་བདེ་ཐང་ངང་འཚར་སྐྱེ་འབྱུང་བར་བྱེད་ཆེད། ཐོག་མར་འོས་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་དགོས། དཔེར་ན་གཙང་ཞིང་གྲལ་དག་པའི་ཁང་བ་དང་མཁའ་དབུགས་རྒྱུ་བ་བཟང་བ། དྲོད་གྲང་རན་པར་བྱས་ཏེ་བྱིས་པ་རློན་ནུའི་ལུས་དྲོད་ཏུའུ36.5—37བར་ཁག་ཐེག་བྱེད་དགོས། གཞན་ད་དུང་ལུས་ཟུངས་ཅུང་ཞན་པའི་བྱིས་པ་རློན་ནུ་ལ་འོས་ཤིང་འཚམ་པའི་བདེ་སྲུང་དང་བདག་སྐྱོང་བྱས་ཏེ་བྱིས་པ་རློན་ནུར་ཕྱི་ཡི་ཁོར་ཡུག་དང་གོམས་སུ་འཇུག་དགོས། བྱིས་པ་རློན་ནུའི་གནས་ཚུལ་དང་འགྱུར་ལྡོག་ལ་སེམས་ཞིབ་མོས་བདག་སྐྱོང་དང་གཉོར་སྐྱོང་བྱས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས།

གཅིག ལྟེ་ཐག་ལ་བདག་སྐྱོང་བྱེད་དགོས།

བྱིས་པ་བཙས་རྗེས་ལྟེ་ཐག་ལ་དུག་སེལ་དང་སྐུད་པར་མདུད་པ་བརྒྱབ་ནས་ཁྲག་བཅད་པ་ཡིན་ལ། ཡང་ལྟེ་ཐག་བསྡམས་ཆས་དང་ཁྲག་རྩའི་སྐམ་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལྟེ་ཐག་གི་སྣེ་མོ་བསྡམས་པ་ཡང་ཡོད། ཐབས་འདི་དག་ཚང་མས་ལྟེ་ཐག་གི་སྣེ་མོ་ལྷུང་བ་མགྱོགས་ལ་ལྟེ་ཐག་ལ་རེད་པ་མི་འབྱུང་། སྨན་ཁང་སོ་སོར་རང་རང་གི་ལྟེ་ཐག་གཅོད་པའི་ཐབས་རེ་ཡོད་པ་རེད། རྩ་དོན་སྟེང་ནས་ལྟེ་ཐག་གི་སྣེ་མོ་ལྷུང་བ་མགྱོགས་ཤིང་རེད་པ་མི་འབྱུང་བ། བརྟག་ཞིབ་བྱེད་སླ་བ་དང་བདག་སྐྱོང་བྱེད་སླ་བ་ཞིག་ཡིན་དགོས་པ་རེད། ཉིན་རེར་བྱིས་པའི་ལྭ་བ་དང་གཅིན་སྟན་བརྗེ་བ། སྐྱི་པགས་ལ་བདག་སྐྱོང་བྱེད་པ་སོགས་བྱེད་སྐབས། ལྟེ་བ་སྐམ་པོ་དང་གཙང་མ་ཡིན་མིན་དང་ལྟེ་བ་དམར་པོ་ཡིན་མིན། ཟགས་ཐོན་ཇེ་མང་དུ་སོང་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས། གནད་དོན་ཡོད་ཚེ་ཐག་ཉེ་སའི་སྨན་ཁང་དུ་སོང་ནས་ཐག་གཅོད་བྱེད་དགོས། ལྟེ་བར་ཕྱེ་མའི་རིགས་ཀྱི་དུག་སེལ་སྨན་རྫས་བཀོལ་མི་རུང་ལ་མདོག་སྨུག་སྨན་ཆུའང་བྱུགས་མི་རུང་། སྨན་དེ་བྱུགས་ཚེ་རྨ་ཁའི་མདོག་སོགས་གསལ་བོར་མཐོང་མི་ཐུབ། དེ་བས་ཉིན་རེར་དུག་སེལ་མ་མོག་ཆང་བཅུད་ནང་བསྒྲེས་ནས་ལྟེ་བར་བྱུགས་ན་དུག་སེལ་དང་བརླན་མི་འབྱུང་བར་ཕན། རེད་པ་འགོག་ཆེད་ལག་པ་དང་ཡང་ན་དུག་སེལ་བྱས་མེད་པའི་དངོས་པོས་ལྟེ་བར་ཐད་ཀར་རེག་མི་རུང་། ལྟེ་བའི་སྣེ་མོ་ལྷུང་རྗེས། ལྟེ་བ་རེད་པ་འབྱུང་ཉེན་ཇེ་ཆུང་དུ་སོང་རུང་གནས་ཁག་གཙང་མར་བཀྲུ་བར་མཉམ་འཇོག་དགོས། གཉིན་གཉིས་ཀྱི་ནང་དུ་ཟགས་ཐོན་མ་བྱུང་ན་ཁྲུས་གཞོང་ནང་ཁྲུས་བྱས་ཆོག

གཉིས། མིག་དང་རྣ་བ། སྣ་ཁ་བཅས་ཀྱི་བདག་སྐྱོང་།

1.མིག་གི་བདག་སྐྱོང་། མིག་ནི་སེམས་ཀྱི་སྒེའུ་ཁུང་ཡིན་ལ། བྱིས་པས་ཕྱི་རོལ་ཡུལ་དང་བསམ་བློ་བརྗེ་རེས་བྱེད་པའི་འབྲེལ་ལམ་གལ་ཆེན་ཞིག་ཀྱང་ཡིན་པས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས།

བྱིས་པ་རློན་ནུའི་མིག་གོང་དུ་ཁྲག་ཐིག་ཆུང་ཆུང་མཐོང་བ་ནི་བྱིས་པ་བཙའ་བའི་གོ་རིམ་ཁྲོད་བྱུང་བ་ཡིན་པས་དེ་རིམ་གྱིས་མེད་འགྲོ་བ་ཡིན། བཙའ་བའི་གོ་རིམ་ཁྲོད་བྱིས་པ་རློན་ནུའི་མིག་ལ་མངལ་ལམ་གྱི་ཟགས་ཐོན་དང་སྐྱེ་དངོས་ཕྲ་རབ་ཀྱིས་སླད་སྐྱོན་ཐེབས་སླ་བས་བཙས་གཞུག་ཏུ་བྱིས་པའི་མིག་ནང་དུ20﹪ཡི་ལུའི་མེ་སུའུ་མིག་སྨན་གཏིག་ནས་ཚ་ནད་འབྱུང་བ་སྔོན་འགོག་བྱེད་དགོས། གལ་ཏེ་རེད་པ་བྱུང་ན་མིག་ནང་དུ་མིག་སྐྱག་སེར་པོ་འབྱུང་ལ་ཚབས་ཆེ་ན་དམར་ཞིང་སྐྲངས་ལ་ཚ་ཡང་རྒྱས་པས། དུས་ཐོག་ཏུ་སྨན་པར་བསྟེན་ནས་མཐོང་ལམ་ལ་གནོད་པ་འབྱུང་བ་སྔོན་འགོག་བྱེད་དགོས། བྱིས་པའི་ངོ་བཀྲུ་བྱེད་ཀྱི་འཁྲུས་གཞོང་དང་ལག་ཕྱིས་ཚང་མ་གཞན་དང་མཉམ་སྤྱོད་བྱེད་མི་རུང་བ་དང་། རྒྱུན་པར་བཀྲུས་ནས་ཉི་མར་བསྐམ་ནས་དུག་སེལ་བྱེད་པ་དང་། རེད་པ་བྱུང་ནས་མིག་འབྲུམ་དང་སྐྱི་པགས་གཉན་ཚད་སོགས་འབྱུང་བར་གཟབ་དགོས་ཤིང་། གཙང་མ་མིན་པའི་དངོས་པོ་དང་ལག་པ་སོགས་ཀྱིས་ཐད་ཀར་བྱིས་པའི་མིག་ལ་རེག་མི་རུང་།

བྱིས་པའི་མིག་ད་དུང་འཚར་སྐྱེ་བྱུང་ཡག་མིན་དུས་སྐྱེ་ལུགས་རང་བཞིན་གྱི་རྒྱང་བལྟའི་གོ་རིམ་ཞིག་ཡོད་པ་རེད། སྐབས་ལ་ལར་མིག་འབྲས་གཉིས་འཁོར་ཕྱོགས་ཐ་དད་ཡིན་པ་དང་ཡང་ན་སྐྱེ་ལུགས་རང་བཞིན་གྱི་འཕྲེད་ལྟ་བྱེད་ལ། སྤྱིར་བཏང་དུ་བདུན་ཕྲག་གཉིས་གནས་བཞི་ཡི་ནང་གནས་ཚུལ་འདི་དག་མེད་འགྲོ་བ་ཡིན། བྱིས་པའི་ཉལ་ཁང་ནང་གི་འོད་ཅུང་སྙོམས་པོ་ཡིན་དགོས་པས་གློག་སྒྲོན་ཆེ་བ་བཀོལ་མི་རུང་། བྱིས་པ་ཉི་མར་བསྲོ་སྐབས་ཉི་འོད་སྒྲིབ་ནས་མིག་ལ་སྲུང་སྐྱོང་བྱེད་དགོས། བྱིས་པའི་མཐོང་ལམ་དུ་གནས་གཅིག་ནས་དངོས་པོ་དང་རྩེད་ཆས་ཐུར་དུ་དཔྱངས་མི་རུང་། དེ་ལྟར་གནས་གཅིག་ལ་བལྟས་བསྡད་ཚེ་བྱིས་པའི་མིག་འབྲས་འགུལ་སྐྱོད་ཀྱི་སྐྱེ་འཚར་ལ་ཤན་ཤུགས་ཐེབས་སྲིད།

2.རྣ་བའི་བདག་སྐྱོང་། བྱིས་པའི་བར་རྣའི་ནང་ལ་དབུགས་བཀང་མེད་པ་དང་རྣ་ལམ་དུ་ད་དུང་མགོ་ཆུ་ལུས་ཡོད་ཀྱང་སྲིད་པས། རྣ་བའི་ཚོར་བ་དང་ཐོག་སྐྱེན་པོ་མིན་རུང་ཉིན་གཉིས་ནས་བདུན་ཙམ་འགོར་རྗེས་རྣར་ཚོར་བ་ཡོད་ལ། བདུན་ཕྲག་གཉིས་ནས་བཞི་ཙམ་འགོར་རྗེས་ཕྱི་རོལ་ཡུལ་གྱི་སྐད་སྒྲར་ཆེད་དུ་དམིགས་ནས་ཉན་ཐུབ།

བྱིས་པར་གཡས་གཡོན་ལ་རེས་བསྐོར་ནས་ཉལ་དུ་བཅུག་ན་རྣ་ལམ་གྱི་མགོ་ཆུ་ཕྱིར་བཞུར་ཡོང་བ་ཡིན་ལ་དེ་དུས་དུག་སེལ་མ་མོག་གིས་ཕྱིས་དགོས། རྣ་བའི་གཙང་སྦྲ་ལ་དོ་སྣང་བྱས་ཏེ་ནུ་ཞོ་བསྣུན་པ་དང་ཡང་ན་ཁམ་སྐྱུགས་བྱེད་དུས་རྣ་ལམ་དུ་བཞུར་བར་གཟབ་དགོས། རྣ་ལམ་དུ་སོང་ཚེ་རྣ་བའི་ཚ་ནད་དང་རེད་པ་འབྱུང་སྲིད། བྱིས་པའི་རྣ་ནང་དྲེད་ན་རྣའི་སྐྱི་མོར་གནོད་པ་བཟོ་བས་འདྲེད་མི་རུང་།

3.ཁའི་བདག་སྐྱོང་། བྱིས་པའི་ཁའི་ནང་གི་འབྱར་སྐྱི་སྲབ་ཅིང་སྙི་བས་སེང་རས་དང་ལག་ཕྱིས་ཀྱིས་ཤེད་ཀྱིས་ཕྱིས་ཚེ་རྨ་བཏོད་སླ་བས། ཁའི་ནང་གཙང་སྦྲ་བྱེད་དུས་སྲིང་ཐུར་ཆུ་དྲོད་འཇམ་ནང་བསྒྲེས་ནས་ཡང་མོས་ཕྱི་དགོས།

4.སྣའི་བདག་སྐྱོང་། བྱིས་པའི་སྣའི་གཙང་སྦྲར་རྒྱུན་དུ་དོ་སྣང་བྱེད་དགོས། གལ་སྲིད་འབྱར་བག་གི་ཟགས་ཐོན་གྱིས་འགག་ན་སྲིང་ཐུར་ཆུ་དྲོད་འཇམ་ནང་བསྒྲེས་ནས་ཡང་མོས་ཕྱི་དགོས། དེ་མིན་སྣ་སྨན་སོགས་གང་འདོད་གཏིག་མི་རུང་།

《བང་མའི་བདེ་སྲུང་ཤེས་བྱ།》ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།