སློབ་མར་གློ་གཅོང་གི་ནད་བྱུང་ཚེ་ཇི་ལྟར་བྱེད་དགོས།
2023.09.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གློ་གཅོང་གི་ནད་དེ་ཐོག་མར་འབྱུང་དུས་མངོན་རྟགས་ཅི་ཡང་མེད།

གློ་གཅོང་གི་ནད་ནི་འགོས་རིམས་ཀྱི་ནད་ཅིག་ཡིན་པར་དོགས་པ་ཅི་ཡང་མེད་མོད། རིམས་ནད་མི་འདྲ་བ་རེ་རེའི་གསོ་བཅོས་བྱེད་ཐབས་ཀྱང་མི་འདྲ། སློབ་གྲྭའི་ནང་དུ་མངོན་རྟགས་མེད་པའི་དུས་ཡུན་ཅུང་ཐུང་བའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཀྱི་རིགས་སྣ་ཚོགས་ཏེ། དཔེར་ན། ཆམ་རིམས་དང་། སིབ་བུ། ཆུ་ཐོར། རྐང་ལག་ཁ་ནད་སོགས་ལྟ་བུ་འབྱུང་སྲིད། སློབ་མཚམས་འཇོག་པ་ནི་འགོས་ནད་ཕན་ཚུན་མི་བགོ་བར་ཚོད་འཛིན་བྱེད་པའི་ཐབས་ལམ་གྲས་ཀྱི་གཅིག་ཡིན། སློབ་མཚམས་བཞག་ཚེ། སློབ་གྲོགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་ཚད་ཇེ་ཉུང་དུ་འགྲོ་བས། ཕན་ཚུན་བར་བགོ་ཚད་ཀྱང་ཇེ་ཉུང་དུ་འགྲོ་བ་རེད། དུས་མཚུངས་སུ། མངོན་རྟགས་ཅི་ཡང་མེད་པའི་སློབ་མ་སྐོར་ཞིག་ལ་སློབ་མཚམས་བཞག་ནས་ཡུལ་དུ་ངལ་གསོས་ཡོད་པའི་སྐབས་སུ་ད་གཟོད་ནད་རྟགས་ལྷང་ལ་འབུད་པ་དང་། དེ་ནས་རང་གཅིག་པུས་ཡུལ་དུ་གསོ་བཅོས་བྱས་ནས་དྲག་ཏུ་བཅུག་ན། སློབ་གྲོགས་ཕན་ཚུན་བར་ཡང་བགོ་མི་སྲིད།

གློ་གཅོང་ནི་ནད་ནི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་པས་སྤྱིར་བཏང་གི་འགོས་ནད་ལྟར་གསོ་བཅོས་བྱེད་མི་རུང་། གཅིག་ནས་གློ་གཅོང་གི་ནད་དེ་ཐོག་མར་འབྱུང་དུས་མངོན་རྟགས་གང་ཡང་མེད་པས་ནད་པ་རང་ཉིད་ལ་ཚོར་སྣང་ཅི་ཡང་མེད་པར་མ་ཟད། ནད་རྟགས་མི་མངོན་པའི་དུས་ཀྱི་རེད་པའི་ཚད་ཀྱང་ཧ་ཅང་མཐོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་གི་མི་གྲངས་ཁྲོད་ཀྱི་སུམ་ཆའི་གཅིག་ཙམ་ལ་མི་མངོན་པའི་རང་བཞིན་གྱི་གཅོང་ནད་འགོས་ཡོད་ཅིང་། དེའི་ཁྲོད་ཀྱི་བརྒྱ་ཆའི་ལྔ་ནས་བརྒྱ་ཆའི་བཅུ་ཙམ་ལ་ནད་དེ་འབྱུང་སྲིད། གཉིས་ནས་གཅོང་ནད་ཀྱི་གསོ་བཅོས་བྱེད་ཡུན་རིང་སྟེ། ཆེས་ཐོག་མའི་གསོ་བཅོས་ཀྱི་དུས་ཡུན་ནི་ཟླ་དྲུག་ནས་བརྒྱད་ཙམ་ཡིན། དེར་བརྟེན། སློབ་གྲྭའི་ནང་དུ་གློ་གཅོང་གི་ནད་བྱུང་ཚེ། དེ་ལ་ཐག་གཅོད་དང་སྔོན་འགོག་བྱེད་པར་ཉིན་འགར་སློབ་མཚམས་བཞག་པས་གོ་མི་ཆོད་ལ། དུས་ཡུན་རིང་བོར་སློབ་མཚམས་འཇོག་པ་དེའང་དཔེ་མི་སྲིད་པ་ཞིག་ཡིན།

གལ་ཏེ་གློ་གཅོང་གི་ནད་བྱུང་ཚེ་སློབ་མས་གནང་བ་ཞུས་ནས་རང་ཡུལ་དུ་ལོག་སྟེ་གསོ་བཅོས་བྱེད་དགོས།

སློབ་གྲྭས་གློ་གཅོང་གི་ནད་ཀྱི་གནས་ཚུལ་ལ་ཐག་གཅོད་དང་ཚོད་འཛིན་བྱེད་ཐབས་གཙོ་བོ་ནི། བརྟག་དཔྱད་ཞིབ་མོ་བྱེད་པ་དང་ལོགས་སུ་བཀར་ནས་གསོ་བཅོས་བྱེད་པ། དེའི་འཕྲོར་གཅོང་ནད་ཀྱི་གསོ་བཅོས་དང་སྔོན་འགོག་གི་སློབ་གསོ་ཁྱབ་སྤེལ་བྱེད་དགོས། བྱེ་བྲག་གི་བྱེད་ཐབས་ནི་གཤམ་གསལ་ལྟར།

དང་པོ། གློ་གཅོང་གི་ནད་བྱུང་ཡོད་པའི་ནད་པར་དུས་ཐོག་ཏུ་ངོས་འཛིན་བྱེད་པ།

སློབ་གྲྭའི་ནང་དུ་གློ་གཅོང་གི་ནད་མཆེད་པར་གཟབ་གཟབ་བྱས་ནས། གློ་ལུ་ནས་གཟའ་འཁོར་གཉིས་ཡན་འགོར་བའི་སློབ་མ་དང་དགེ་རྒན། སློབ་གྲྭའི་ནང་གི་ལས་བྱེད་མི་སྣ་བཅས་ལxགློག་འོད་ཀྱིས་གློ་བར་བརྟག་དཔྱད་བྱེད་པ་དང་། གློ་གཅོང་གི་ནད་བྱུང་ཡོད་པ་ཤེས་ཚེ་མྱུར་དུ་ཡར་ཞུ་བྱས་ནས་སློབ་མཚམས་བཞག་སྟེ་རང་ཁྱིམ་ནས་གསོ་བཅོས་བྱེད་དགོས་པ་ལས། ནད་བབ་གསང་ནས་མུ་མཐུད་དུ་སློབ་ཁྲིད་ལ་ཞུགས་མི་རུང་།

གཉིས་པ། གློ་གཅོང་གི་ནད་བྱུང་ཡོད་པའི་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་དང་སྤྱིར་བཏང་གི་འབྲེལ་འདྲིས་བྱེད་པའི་མི་ལ་བརྟག་དཔྱད་བྱེད་པ།

ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་ལxགློག་འོད་ཀྱིས་གློ་བར་བརྟག་དཔྱད་བྱེད་པ་དང་འདུས་འདྲིལ་སྲིན་རྒྱུར་ཚོད་ལྟ་བྱས་ནས་གློ་གཅོང་གི་ནད་འགོས་ཡོད་པའི་ནད་པར་སྔར་ལས་ལྷག་པའི་སྒོ་ནས་བརྟག་དཔྱད་ངོས་འཛིན་བྱེད་དགོས།

གསུམ་པ། འདྲིས་འདྲིལ་སྲིན་རྒྱུར་ཚོད་ལྟ་བྱས་ནས་གདགས་གཤིས་དྲག་པོའི་ནད་པར་ངོས་བཟུང་ཚེ་སྨན་པས་མཛུབ་སྟོན་ལ་བརྟེན་ནས་སྔོན་འགོག་རང་བཞིན་གྱི་གསོ་བཅོས་བྱེད་དགོས།

བཞི་བ། གནང་བ་ཞུས་ནས་ཁྱིམ་དུ་གསོ་བཅོས་བྱེད་བཞིན་པའི་སློབ་མར་གློ་གཅོང་ནད་ཀྱི་གསོ་བཅོས་ཐད་ཀྱི་ཤེས་བྱའི་སློབ་གསོ་གཏོང་དགོས། གློ་གཅོང་གི་ནད་ནི་གསོ་བཅོས་བྱེད་ཐུབ་པ་ཞིག་ཡིན་ཏེ། སྨན་པའི་མཛུབ་སྟོན་འོག་ཚད་ལྡན་སྒོས་སྨན་བསྟེན་ན་སངས་དྲག་ཏུ་འགྲོ་ཐུབ་པ་ཡིན། ཟླ་ངོ་གཉིས་རིང་ལ་ཚད་ལྡན་སྒོས་སྨན་བཅོས་བྱས་ན་ནད་རྟགས་ཇེ་ཡང་ངམ་མེད་པར་འགྲོ་སྲིད་ལ། བསྟུད་མུར་ཐེངས་གསུམ་ལ་ལུད་པར་བརྟག་དཔྱད་བྱས་པ་སྲིབ་གཤིས་ཡིན་པར་མ་ཟད། དེ་ལ་སྨན་ཁང་གིས་བདེན་དཔང་ཡི་གེ་བཅས་ཡོད་ན་ད་གཟོད་སློབ་གྲྭས་ཞིབ་དཔྱད་བྱས་རྗེས་ཡང་བསྐྱར་སློབ་ཁྲིད་ལ་ཞུགས་ཆོག

ལྔ། དགེ་སློབ་ཡོངས་དང་དེ་མིན་སློབ་གྲྭའི་ནང་གི་ལས་བྱེད་མི་སྣ་ཡོངས་ལ་འཕྲོད་བསྟེན་གཙང་སྦྲའི་སློབ་གསོ་ཁྱབ་བསྒྲགས་བྱས་ཏེ། ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ་ཁ་སྣ་བཏུམས་དགོས་ཤིང་། གང་སར་ཁ་ལུད་མི་འཕེན་པ། ཁ་ལུད་ཕྱིར་མི་མིད་པར་ཤོག་བུའི་ནང་དུ་བཅུག་ནས་གད་སྙིགས་ཁྲོད་དུ་འཕེན་པ། ཉལ་ཁང་དང་སློབ་ཁང་། དཔེ་མཛོད་ཁང་སོགས་ཀྱི་སྒོ་དང་དྲ་མ་ཕྱེས་ནས་ཉིན་རྒྱུན་རླུང་རྒྱུ་རུ་བཅུག་ནས་ཁང་བའི་ནང་དུ་མཁའ་དབུགས་གསར་བ་བཅས་བརྗེ་དགོས་པར་མ་ཟད། འཚོ་བར་ཆོས་ཉིད་ལྡན་པ་དང་། དགོང་མོར་དུས་ལྟར་གཉིད་ནས་ངལ་བཟང་བོ་གསོ་བ། ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ། ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་བཅས་བྱས་ནས་ལུས་ཀྱི་རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་དགོས་པའི་སློབ་གསོ་གཏོང་དགོས།

དྲུག སློབ་མའི་ཁྱིམ་བདག་ལའང་འཕྲོད་བསྟེན་གཙང་སྦྲའི་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏོང་དགོས་ཤིང་། ལྷག་པར་དུ་གློ་གཅོང་གི་ནད་བྱུང་ཡོད་པ་དང་ཡང་ན་གློ་གཅོང་གི་ནད་ལ་དོགས་པ་ཡོད་པའི་སློབ་མའི་ཁྱིམ་བདག་ལ། གློ་གཅོང་གི་ནད་ཀྱི་སྔོན་འགོག་དང་གསོ་བཅོས་ཐད་ཀྱི་ཤེས་བྱར་རྒྱུས་ལོན་བྱེད་དུ་འཇུག་པ། ནད་པ་དང་འབྲེལ་འདྲིས་ཟབ་པའི་མིས་རང་འགུལ་སྒོས་སྨན་ཁང་དུ་སོང་ནས་ཞིབ་ཏུ་བརྟག་དཔྱད་བྱེད་པ་དང་སྨན་པར་གཞོགས་འདེགས་སྒོས་སློབ་མར་གསོ་བཅོས་བྱེད་རོགས་བྱེད་པ། སློབ་མའི་འཚོ་བར་ལྟ་སྐྱོང་བྱས་ནས་ནད་བྱུང་ཡོད་པའི་སློབ་མའི་ལུས་ཕུང་ཡང་བསྐྱར་བདེ་ཐང་ཡོང་བར་བདག་སྐྱོང་གང་ལེགས་བྱེད་དགོས་པའི་སློབ་གསོ་གཏོང་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།