རྒྱལ་ཁབ་རིམས་འགོག་ཅུའུ་ཡིས《རིམས་ནད་ཀྱི་གནས་བབ་ཉེན་ཁའི་དཔྱད་འཇོག་དོ་དམ་བྱེད་ཐབས(ཚོད་སྤྱོད)》དཔར་འགྲེམ་བྱས།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 རྒྱལ་ཁབ་རིམས་ནད་འགོག་སྡོམ་ཅུའུ་ཡིས་ཉེ་ལམ《རིམས་ནད་ཀྱི་གནས་བབ་ཉེན་ཁའི་དཔྱད་འཇོག་དོ་དམ་བྱེད་ཐབས(ཚོད་སྤྱོད)》དཔར་འགྲེམ་བྱས་པ་དང་། ས་ཁོངས་དོ་དམ་དང་ཕྱོགས་མང་མཉམ་ཞུགས། ཚན་རིག་དཔང་ལེན། དུས་ལྟར་ནུས་མཐོ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། སྡེ་ཁག་མང་པོའི་གྲོས་མོལ་བྱ་བའི་ལམ་སྲོལ་དང་ཉེན་ཁ་དཔྱད་འཇོག་ཆེད་མཁས་ཚན་ཆུང་བཙུགས་ནས། རིམས་ནད་གནས་བབ་ཀྱི་ཉེན་ཁའི་དཔྱད་འཇོག་བྱ་བའི་རྣམ་པ་དང་གོ་རིམ་གཙོ་བོ། ཕྱིར་ཐོན་བེད་སྤྱོད་བཅས་ཚད་ལྡན་དུ་བཏང་།

བྱེད་ཐབས་ལ་བསྡོམས་པས་དོན་ཚན་བཅུ་བདུན་ཡོད་པ་སྟེ། གཙོ་བོ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་དང་བྱ་བའི་རྩ་དོན། འགན་འཁྲི་དང་ལས་བགོས། གནས་བབ་ཐོན་ཐེངས་དང་བྱེད་ཐབས་ནང་དོན། སྲིད་ཇུས་དང་འགན་སྲུང་སོགས་ཕྱོགས་བཞི་ཐད་ནས། རིམས་ནད་གནས་བབ་ཀྱི་ཉེན་ཁ་འགོག་ཟོན་དང་ཞི་ལྷོད་དུ་གཏོང་བར་དམིགས་ཏེ། སྔར་ལས་ལྷག་པར་རིམས་འགོག་མ་ལག་གི་ནང་ཁུལ་ལས་སྒོའི་དོ་དམ་ལ་ཤུགས་སྣོན་དང་རིམས་ནད་གནས་བབ་ཀྱི་ཉེན་ཁའི་དཔྱད་འཇོག་གི་བྱེ་བྲག་བླང་བྱ་ཞིབ་ཕྲ་དང་དོན་དངོས་སུ་བསྒྱུར་ཡོད།

ཉེན་ཁ་དཔྱད་འཇོག་ནི་རིམས་ནད་གནས་བབ་སྔ་མོ་ནས་བརྟག་བཤེར་ཚད་ལེན་བྱེད་པའི་ཉེན་ཟོན་ནུས་པ་ཇེ་ཆེར་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་ཉེན་ཁ་འགོག་ཟོན་དང་ཞི་ལྷོད་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བྱེད་ཐབས་ལས། རིམ་པ་སོ་སོའི་རིམས་ནད་འགོག་སྡོམ་ལས་ཁུངས་ཀྱིས་དུས་བཅད་ལྟར་ཉིན་རྒྱུན་གྱི་ཉེན་ཁའི་དཔྱད་འཇོག་སྤེལ་དགོས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིམས་ནད་འགོག་སྡོམ་ལས་ཁུངས་ཀྱིས་གཟའ་འཁོར་རེ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་རིམས་ནད་འགོག་སྡོམ་ལས་ཁུངས་ཀྱིས་ཟླ་རེར་ཉིན་རྒྱུན་གྱི་ཉེན་ཁའི་དཔྱད་འཇོག་ཐེངས་རེ་སྤེལ་དགོས། ཉིན་རྒྱུན་གྱི་ཉེན་ཁའི་དཔྱད་འཇོག་ཐེངས་གྲངས་དེ་རིམས་ནད་འཕེལ་བའི་གནས་ཚུལ་དང་བྱ་བའི་དགོས་མཁོར་གཞིགས་ཏེ་ལེགས་སྒྲིག་བྱས་ཆོག་པ་གསལ་བོར་བསྟན་ཡོད། །

ཡིག་སྒྱུར་བ། འབྲུག་མོ།