མཚོ་སྔོན་གྱིས་བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ་བརྒྱ་དང་ལྔ་བཅུ་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག
2023.09.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ་ཁ་ཤས་མཚོ་སྔོན་ཞིང་ཆེན་གཞི་རྩའི་སྨན་བཅོས་འགན་སྲུང་དང་ལས་རྨས་འགན་སྲུང་། བཙའ་སྐྱེ་འགན་སྲུང་བཅས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇོག་པའི་སྐོར་གྱི་བརྡ་སྦྱོར》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་གུ་གུལ་དང་རྒུ་དྲུས་སོགས་བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ150གཞི་རྩའི་སྨན་བཅོས་འགན་སྲུང་དང་ལས་རྨས་འགན་སྲུང་། བཙའ་སྐྱེ་འགན་སྲུང་བཅས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་ནས། སྔར་ལས་ལྷག་པའི་སྒོ་ནས་འགན་སྲུང་ལ་ཞུགས་པའི་མང་ཚོགས་དང་ཁྱད་པར་དུ་གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་སྨན་རྫས་དགོས་མཁོ་བསྐངས།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ150སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁ་པའི་ཁྱབ་ཁོངས་སུ་བཞག་སྟེ། དེར་མཐུན་གྱི་བསྡུར་ཚད་ལྟར་འགྲོ་སོང་རྩིས་ཞུ་བྱས་པས། མང་ཚོགས་ཀྱི་སྨན་པར་བསྟེན་པའི་ཁུར་པོ་ཇེ་ཡང་དུ་བཏང་། དུས་མཚུངས་སུ། བོད་སྨན་སྨན་བཅོས་ལས་ཁུངས་ཀྱིས་དམིགས་བཙུགས་ཁྱད་ཆོས་དང་རིན་གོང་འོས་འཚམ་གཏན་འཁེལ་བྱེད་པར་འགན་འཁུར་བ་དང་། ཚད་ལྡན་གྱི་ཡོང་ཁུངས་ནས་ཉོས་པའི་སྨན་རིན25%ལས་བརྒལ་མི་རུང་བར་བྱས་པས། ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་ལས་ཁུངས་ཀྱིས་སྨན་རྫས་ཚད་ལྡན་སྒོས་སྤྱོད་པར་ཁྲིད་སྟོན་ནུས་ལྡན་བྱས། །

རྩོམ་སྒྲིག་པ། འབྲུག་མོ།