ཁྲག་ཤེད་མཐོ་བའི་ནད་པས་ནམ་ཟླའི་འགྱུར་ལྡོག་ལ་མཉམ་འཇོག་གང་ལེགས་བྱ་དགོས།
2023.09.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མིག་སྔར། ཁྲག་ཤེད་མཐོ་བ་དེ་རང་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་པར་མ་ཟད། འཛམ་གླིང་གི་འཆི་ཚད་མཐོ་བའི་རྒྱུ་རྐྱེན་ཆེན་པོ་གྲས་ཀྱི་གཅིག་ཏུ་གྱུར་ཡོད། རང་རྒྱལ་དུ་ཁྲག་ཤེད་མཐོ་བ་ལས་ཤི་བའི་སྙིང་ཁམས་ཁྲག་རྩའི་ནད་དང་དལ་བའི་རང་བཞིན་གྱི་མཁལ་མའི་ནད། གཅིན་སྙི་ཟ་ཁུའི་ནད་བཅས་ཀྱི་ནད་པ་བརྒྱ་ཆའི་ལྔ་བཅུ་ལྷག་ཏུ་བསླེབས་ཡོད་པར་མ་ཟད། ལོ་རེར་ཁྲག་ཤེད་མཐོ་བའི་ནད་པ་བྱེ་བ་གཅིག་ཙམ་གསར་དུ་འཕར་སྣོན་འབྱུང་བཞིན་ཡོད། མིག་སྔར་རྒྱལ་ཡོངས་སུ་ཁྲག་ཤེད་མཐོ་བའི་ནད་པ་དུང་ཕྱུར་གསུམ་ལ་བསླེབས་ཡོད། དེའི་ནང་ནམ་ཟླའི་འགྱུར་ལྡོག་གིས་ཁྲག་ཤེད་མཐོ་བའི་ནད་པར་ཤུགས་རྐྱེན་བཟོ་བཞིན་པ་དེར་རྒྱུན་པར་དོ་སྣང་བྱེད་ཀྱིན་མེད།

ནངས་དགོང་གི་དྲོད་གྲང་ལ་ཁྱད་པར་ཆེ་བས་སྙིང་ཁམས་ཁྲག་རྩའི་དོན་རྐྱེན་མང་དུ་འབྱུང་བ་རེད།

རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་ལ་མཚོན་ན་ནམ་ཟླ་འཁྱག་ལ། དེའི་ཁར་ཉིན་དཀར་ཐུང་ཞིང་། ནམ་རྒྱུན་ཆར་ཆུ་མོད་པ་དང་ཁངས་འབབ་པ། གློ་བུར་དུ་ནམ་ཟླ་ཇེ་འཁྱག་ཏུ་འགྲོ་བ་སོགས་ཀྱི་སྣང་ཚུལ་མང་བ་རེད། ནངས་དགོང་གི་དྲོད་གྲང་དེ་ཏུའུ་དགུ་དང་གྲངས་ཆུང་དྲུག་ལས་བརྒལ་ཚེ། ཏོག་དབྱིབས་འཕར་རྩའི་རྟགས་འདུས་ནད་དང་དལ་བའི་རང་བཞིན་གྱི་ཐོགས་འགགས་གློ་ཚད་ཀྱིས་བསླངས་བའི་མྱུར་བའི་རང་བཞིན་གྱི་དོན་རྐྱེན་འབྱུང་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་སྲིད།

རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། ཁྲག་ཤེད་ཀྱི་མཐོ་དམའ་དེ་ཁོར་ཡུག་གི་དྲོད་གྲང་ལ་འབྲེལ་བ་ཡོད། ཁ་ན་ཏའི་ཆེད་མཁས་སྨན་པས་རྟོག་ཞིབ་བྱུང་བ་ལྟར་ན། ཁངས་འབབ་ཚད་དང་ཁངས་འབབ་པའི་དུས་ཚོད་ནི་སྙིང་རྩ་འགག་པའི་ནད་པ་ཞག་སྡོད་བྱེད་ཚད་དང་འཆི་ཚད་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། སྣང་ཚུལ་དེ་ཁངས་འབབ་རྗེས་ཀྱི་ཉིན་གཉིས་པར་ཆེས་མངོན་གསལ་ཡིན་པ་དང་། ཉིན་གཉིས་གསུམ་ལ་བསྟུད་མར་ཁངས་བབ་ཚེ་ད་རུང་སྙིང་རྩ་འགག་པ་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད། ཧན་གོའི་ཆེད་མཁས་པས་ནངས་དགོང་གི་དྲོད་གྲང་གིས་སྙིང་ཁམས་ཁྲག་རྩ་དང་དབུགས་ལམ་གྱི་ནད་བྱུང་ནས་སྨན་ཁང་དུ་ཞག་སྡོད་བྱེད་པའི་སྣང་ཚུལ་ལ་དབྱེ་ཞིབ་བྱེད་སྐབས། ནངས་དགོང་གི་དྲོད་གྲང་དེ་ཏུའུ་གཅིག་རེ་འཕར་སྣོན་བྱུང་ཚེ། སྙིང་ཤུགས་ཉམས་པ་དང་དབུགས་འཚང་བའི་ནད་པ་ཞག་སྡོད་བྱེད་ཚད་སོ་སོར་བརྒྱ་ཆའི་གསུམ་ནས་བརྒྱ་ཆའི་གཅིག་ལྷག་ཇེ་མཐོར་འགྲོ་བ་དང་། དེའི་ནང་ལོ་ལོན་རྒན་པ་ཆེས་མང་པོ་ཡིན།

ཞིབ་འཇུག་ལས་ཤེས་གསལ་ལྟར་ན། སྐྱེས་པ་དང་བུད་མེད། རྒན་པ་དང་ན་གཞོན་བཅས་གང་ཡིན་རུང་། ཀླད་ཁྲག་རྡོལ་བར་དུས་ཚིགས་ཀྱི་རང་བཞིན་མངོན་གསལ་ལྡན་ཞིང་། དེའི་ནང་ཁྲག་རྡོལ་རང་བཞིན་གྱི་ཀླད་པའི་གཟའ་གྲིབ་ཕོག་ཚད་ཆེས་མཐོ་བ་ནི་དགུན་དུས་ཡིན་པ་དང་། སྟོན་དཔྱིད་དུས་སུ་འབྱུང་ཚད་ཅུང་དམའ་བ་དང་དབྱར་ཁར་འབྱུང་ཚད་ཆེས་དམའ་བ་རེད། ལུས་ཀྱི་དྲོད་ཚད་སྙོམས་སྒྲིག་མ་ལག་ལ་གློ་བུར་གྱི་སྣང་ཚུལ་ཐག་གཅོད་པའི་ནུས་པ་མེད་པས། གློ་བུར་དུ་དྲོད་གྲང་ལ་འགྱུར་ལྡོག་བྱུང་བ་དེས་མིའི་ལུས་ཕུང་ལ་འགྱུར་ལྡོག་འབྱུང་བར་བྱེད་དེ། དཔེར་ན། ཁྲག་གི་མཁྲིས་རྒྱུ་གཤེར་རྩི་དང་སྙིང་གི་འཕར་སྟངས། ཁྲག་རིལ་ཆུང་བའི་འབྱར་ཚད་བཅས་ཇེ་མང་དུ་སོང་སྟེ། ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས་འཆི་བའི་སྣང་ཚུལ་མང་པོ་འབྱུང་བར་བྱེད་པ་རེད།

གྲོང་ཁྱེར་བཅོ་ལྔའི་མི་ས་ཡ་གཅིག་ལྷག་སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཤི་བའི་གྲངས་ཀའི་ཞིབ་འཇུག་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཤི་བའི་ནད་དཔེའི་ཁྲོད། བརྒྱ་ཆའི་བཅུ་བདུན་ལྷག་ནི་ནམ་ཟླའི་དྲོད་གྲང་གི་འགྱུར་ལྡོག་ལ་འབྲེལ་བ་ཡོད་པ་རེད། དེའི་ནང་གི་བརྒྱ་ཆའི་བཅོ་ལྔ་ལྷག་ནི་ནམ་ཟླ་ཆེས་འཁྱག་པར་བརྟེན་ནས་ཤི་བ་ཡིན་ཞིང་། བརྒྱ་ཆའི་གཅིག་ལྷག་ནི་ནམ་ཟླ་ཚ་བ་ཆེ་བའི་རྐྱེན་གྱིས་ཤི་བ་རེད། དྲོད་གྲང་གི་འགྱུར་ལྡོག་གིས་ཁྲག་ཤེད་ལ་འགྱུར་ལྡོག་འབྱུང་དུ་འཇུག་པ་དང་། ཁྲག་ཤེད་དེ་དྲོད་ཚད་ཇེ་མཐོར་སོང་བར་བསྟུན་ནས་ཇེ་དམར་འགྲོ་བར་མ་ཟད། ད་རུང་འཆི་ཚད་ཇེ་མཐོར་གཏོང་སྲིད།

ཁྲག་ཤེད་མཐོ་བའི་ནད་པས་ནམ་ཟླ་འཁྱག་པའི་དུས་དང་དུས་ཚིགས་བརྗེ་བའི་སྐབས་སུ། ཁྲག་ཤེད་ལ་བརྟག་དཔྱད་དང་དོ་སྣང་ལེགས་པོ་བྱེད་དགོས། གལ་ཏེ་ཁྲག་ཤེད་མུ་མཐུད་དུ་ཇེ་མཐོར་སོང་ན། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ། སྨན་པའི་མཛུབ་སྟོན་ལྟར་སྨན་བསྟེན་སྟངས་ལེགས་སྒྲིག་བྱས་ཏེ། གང་འདོད་དུ་སྨན་བསྟེན་ནས་ཉེན་ཁ་བཟོ་བར་གཟབ་དགོས། སྟོན་དགུན་དུས་སུ་དྲོད་ཁུལ་འམ་ཡང་ན་འཁྱག་ཁུལ་ནས་ཚ་ཁུལ་དུ་གནས་སྐོར་ལ་འགྲོ་བའི་དར་མ་དང་རྒན་པ་ཚོས། གནས་སྐོར་དུ་མ་སོང་བའི་སྔོན་ལ་ལུས་པོར་ཕྱོགས་ཡོངས་ཀྱི་བརྟག་དཔྱད་བྱེད་དགོས་ལ། ཀླད་པའི་ཁྲག་རྩ་འགག་པའི་ནད་པས་སྨན་པས་བཤད་པ་དང་ལེན་བྱེད་དགོས། དེ་ལྟར་བྱས་ན་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བ་ལས་གཡོལ་ཐུབ། ། 

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།