བྱིས་པ་བཙས་རྗེས་ལུས་ཕུང་སླར་གསོ་དང་བདེ་སྲུང་བྱེད་ཐབས།
2023.09.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བཙས་གཞུག་གི་ཉིན་བཅུ་ཡི་ནང་བུ་སྣོད་ཕྱིར་བསྐུམ་པ་དང་མངལ་ལམ་ནས་སྙིགས་ཟགས་ཐོན་པ། དེ་མིན་རྔུལ་ཆུ་མང་པོ་བཞུར་བ་དང་གཅིན་ཇེ་མང་དུ་འགྲོ་བ་སོགས་ཆུ་མང་པོ་ཕྱིར་ཤོར་བས། བང་མའི་ལུས་པོའི་ལྗིད་ཚད་ཆ་སྙོམས་ཀྱི་སྤྱི་རྒྱ་གཉིས་ནས་གསུམ་ཙམ་ཇེ་ཡང་དུ་འགྲོ་སྲིད།

བུད་མེད་མང་ཆེ་ཤོས་ནི་བཙས་གཞུག་གི་ཟླ་ངོ་དྲུག་གི་ནང་དུ་ལུས་པོའི་ལྗིད་ཚད་ཕལ་ཆེར་མངལ་མ་སྦྲུམ་སྔོན་གྱི་ཚུལ་དུ་སླར་སོས་འགྲོ། ཡིན་ཡང་སྔར་བཞིན་ཕལ་ཆེར་སྤྱི་རྒྱ་གཅིག་ལྷག་ཇེ་ལྗིར་འགྲོ་སྲིད། བཙས་གཞུག་ཏུ་ལུས་ཕུང་ལྗིད་ཚད་ཇེ་ཡང་དུ་འགྲོ་བར་གནོད་པའི་རྒྱུ་རྐྱེན་ཁྲོད་ཆེས་གཙོ་བོ་ནི་མངལ་སྦྲུམ་དུས་ལུས་པོ་ཇེ་ལྗིད་དུ་སོང་དྲགས་པ་ཡིན་ལ། གལ་ཏེ་སྤྱི་རྒྱ་བཅུ་ལས་བརྒལ་ཡོད་ན་ལྗིད་ཚད་ཇེ་ཡང་དུ་འགྲོ་མཁན་ཅུང་ཉུང་། དེའི་རྒྱུ་རྐྱེན་ནི་དཔེར་ན་ཐོག་དང་པོར་མངལ་སྦྲུམ་པའི་སྦྲུམ་མ་དང་རྩོལ་བཅག་ཞན་པ། ཐ་མག་འཐེན་ན་ཡང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བར་གནོད་པ་ཡོད་པ་རེད། ནུ་ཞོ་བསྣུན་པ་དང་ལོ་ཚོད་ནི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བར་གནོད་པ་ཅི་ཡང་མེད།

བཙས་གཞུག་ཏུ་ལུས་ཕུང་ལ་འགྱུར་ལྡོག་ཆེས་ཆེ་བ་ནི་ནུ་མ་ཡིན་ལ་དེ་ལས་གཞན་ནི་གསུས་པ་ཡིན། མངལ་སྦྲུམ་པས་བུ་སྣོད་ཇེ་ཆེར་བསྐྱེད་ནས་གསུས་ལྡེབས་འོག་གི་ལྡེམ་ཤུགས་ཚི་སྣ་བསྐྱེད་དྲགས་པ་དང་ཆད་གས་བྱུང་ནས་གསུས་ལྡེབས་སྙི་ཞིང་ལྷོད་པས། གསུས་ཤ་ཁྲ་བོ་གཡས་གཡོན་གཉིས་སུ་གྱེས་པ་རེད། བཙས་གཞུག་ཏུ་སྔ་མོ་ནས་དྲག་ཤེད་ཀྱི་ལས་བསྟེན་པ་དང་མངལ་སྦྲུམ་ཐེངས་མང་བ། མངལ་སྦྲུམ་ཐག་ཉེ་བ། ལུས་སྟོབས་ཞན་ལ་ནད་མང་བ། འཚོ་བཅུད་ཞན་པ་བཅས་ཡིན་ཚེ་གསུས་ཤ་ཁྲ་བོའི་གྱེས་ཚད་སྔར་ལས་ཀྱང་མངོན་གསལ་ཡིན་ལ་དེ་སླར་སོས་དཀའ་ལ་ཐ་ན་གསུས་ལུག་ཀྱང་འབྱུང་སྲིད། གནས་ཚུལ་འདི་དག་ནི་མངལ་མ་སྦྲུམ་སྔོན་དུ་བསམ་གཞིགས་གཏོང་དགོས་པ་མ་ཟད་སྔ་མོ་ནས་བྱེད་ཐབས་སྤྱད་དེ་ལེགས་བསྒྱུར་བྱེད་དགོས་པ་རེད།

བཙས་གཞུག་གི་གསུས་པའི་རྐྱོང་ཤུགས་སླར་སོས་ཚད་དེ་བཙས་གཞུག་གི་གསུས་པའི་ཤ་གྲུམ་སྦྱོང་བརྡར་བྱེད་ཚད་དང་མངལ་སྦྲུམ་ཐེངས་ལ་འབྲེལ་བ་ཡོད།

རྒྱུན་ལྡན་ལྟར་ན་བདུན་ཕྲག་འགའི་ནང་དུ་མངལ་མ་སྦྲུམ་སྔོན་གྱི་ཚུལ་དུ་སོས་འགྲོ་བ་རེད།

ལུས་ཕུང་སླར་སོས་དགོས་ན་གཤམ་གྱི་དོན་ཚན་འགའ་སྒྲུབ་ཐུབ་དགོས།

གཅིག ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ།

ཟས་རིགས་ནང་དུ་སྤྲི་དཀར་གྱི་བཅུད་དང་ཀ་རའི་རིགས། སྔོ་ཚོད། སིལ་ཏོག འོ་བཟོས་ཟ་མ། ཆུ་བཅས་ཡོད་དགོས་ལ་འདི་དག་ཡོད་ན་ད་གཟོད་བཙས་གཞུག་ཏུ་ལུས་པོ་སླར་སོས་པ་དང་ནུ་ཞོ་བསྣུན་པའི་དགོས་མཁོ་བསྐོང་ཐུབ་ལ་འཚོ་བཅུད་ཐལ་དྲགས་པ་སྤང་དགོས། ནུ་ཞོ་བསྣུན་པའི་བང་མར་ཉིན་རེར་མཁོ་བའི་ཟས་རིགས་ནི་ཁེ700ཡི་ཀ་རའི་རིགས་དང་སྤྲི་དཀར་གྱི་རྫས་དང་ཡང་ན་ཁེ310ཡི་སྣུམ་ཚིལ་རེད། རང་རྒྱལ་གྱི་སྤྱིར་བཏང་ཁྱིམ་ཚང་གི་བང་མས་བསྟེན་པའི་ཟ་མའི་གྲངས་ཀ་དེ་འདི་དང་བསྡུར་ན་ཚད་ལས་བརྒལ་ཡོད་པས་ལུས་པོའི་ལྗིད་ཚད་ཇེ་ཡང་དང་ལུས་ཕུང་སླར་སོས་པར་ཕན་པ་མེད། བཟའ་བཏུང་ལུགས་མཐུན་སྒོས་བསྟེན་པ་དང་མང་ཉུང་རན་པ་ཚང་མ་ཤིན་ཏུ་གལ་ཆེ་ལ། ཟས་ཚད་ལས་བརྒལ་བ་དང་འཚོ་བཅུད་ཐལ་དྲགས་པར་བསྟེན་པ་སྤང་དགོས། བདུན་ཕྲག་གཅིག་གི་ནང་ལུས་པོའི་ལྗིད་ཚད་ཐེངས་གཅིག་རེ་འཇལ་ནས་བསྡུར་དགོས་ལ། བཟའ་བཏུང་གྲུབ་སྟངས་དང་མང་ཉུང་སྙོམས་དགོས། འབྲུ་ཟས་གཙོ་བོ་དང་ཞོར་ཟས་ཀྱི་བསྡུར་ཚད་ལྟ་བུར་མཚོན་ན་ཞོར་ཟས་ཁྲོད་ཤ་དང་བྱ་སྒོང་། བྱ་ཤའི་རིགས། འོ་མ་དང་སྔོ་ཚོད། སིལ་ཏོག་སོགས་ཀྱི་བསྡུར་ཚད་ཚང་མར་ཡིད་འཇོག་བྱ་དགོས། རྩ་དོན་ཐད་ནས་རིགས་ཞིབ་དང་ཤ་དང་སྔོ་ཚོད་བསྡེབས་ནས་ཟ་བ་ལས་ཟས་སྣ་གཅིག་ལ་བསྟེན་མི་རུང་བར་ལུས་པོའི་ལྗིད་ཚད་ཀྱི་ཡང་ལྗིད་ལྟར་སྙོམ་སྒྲིག་བྱེད་དགོས།

གཉིས། གསུས་ཤའི་རྐྱོང་ཤུགས་དང་ལྡེམ་ཤུགས་སླར་གསོ་བ།

འདི་གཙོ་བོ་ལུས་རྩལ་སྦྱོང་བརྡར་ལ་བརྟེན་དགོས། ཁྲག་མང་པོ་ཤོར་བ་དང་ཚ་རྒྱས་པ། ཁྲག་ཤེད་མཐོ་བ། སྙིང་ནད་སོགས་ཀྱི་ནད་མེད་ན། བཙས་གཞུག་ཏུ་གང་མགྱོགས་སྒོས་འགུལ་སྐྱོད་དང་རྩལ་སྦྱོང་བྱེད་འོས། ལུས་སྦྱོང་བྱེད་ནའང་རིམ་བཞིན་དུ་འོག་ནས་གོང་སྟེ། རྐང་བ་ནས་མགོ་བརྩམས་ཏེ་རིམ་གྱིས་ལུས་ཧྲིལ་བོར་སྦྱོང་བརྡར་བྱེད་དགོས་པ་དང་། དུས་ཚོད་དང་གྲངས་ཀ་ཡང་རིམ་བཞིན་ཇེ་མང་དུ་གཏོང་བ་ལས། དེ་མ་ཐག་དུས་ཡུན་རིང་བོར་འགུལ་སྐྱོད་དྲག་པོ་བྱས་ན་ཚང་ཁོག་དང་དོན་སྣོད་མར་ལུག་པའི་ངན་སྐྱོན་འབྱུང་སྲིད།

གསུམ། གསུས་ཁེབས་བཅིངས་པ་དང་ལུས་བསྡམས་ལྭ་བ་གྱོན་པ།

གསུས་ཁེབས་བཅིངས་པ་དང་ལུས་བསྡམས་ལྭ་བ་གྱོན་པ་ནི་དོན་དངོས་སུ་བཤད་ན། ཕྱི་ཚུལ་མཛེས་བྱེད་ཙམ་ལས་གསུས་ལྡེམས་ཤའི་རྐྱོང་ཤུགས་དང་ལྡེམས་ཤུགས་སླར་གསོ་བྱེད་པར་མི་ཕན། བྱེད་ཐབས་འདི་དག་ནི་ཕྱི་ཚུལ་ཇེ་ཡག་དང་རང་གི་ཡིད་ཆེས་སླར་གསོ་བྱེད་པར་རོགས་རམ་གྱི་ནུས་པ་ཙམ་ལྡན་པ་ཡིན།

བཞི། སྨན་རྫས་ལ་བརྟེན་ནས་ཚོ་བྱང་དུ་འཇུག་པའི་བྱེད་ཐབས་བསྟེན་མི་རུང་།

སྨན་རྫས་ལ་བརྟེན་ནས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་འདོད་ན་སྨན་པའི་ངག་བཞིན་བསྟེན་དགོས། དེ་མིན་གང་འདོད་ལྟར་སྨན་འཐུང་ན། ནུ་མ་བསྣུན་བཞིན་པའི་བུད་མེད་ཞིག་ལ་མཚོན་ནས་བཤད་ན། ཚོ་བྱང་སྨན་རྫས་དེ་ནུ་ཞོ་བརྒྱུད་ནས་བྱིས་པའི་ལུས་སྟེང་དུ་ཁྱབ་ནས་བྱིས་པའི་འཚར་སྐྱེ་ལ་ཤན་ཤུགས་ཐེབས་ཏེ་སླད་སྐྱོན་ངན་པ་འབྱུང་སྲིད། །

《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།