ཁྲག་ཤེད་མཐོ་བའི་ནད་པའི་གསོ་བཅོས་ཐད་ཀྱི་ནོར་འཁྲུལ་གྱི་ལྟ་ཚུལ་འགའ།
2023.09.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

ཉེ་སྔོན་ལོ་ན་བདུན་ཅུར་བུད་པའི་རྒན་པོ་ཆེ་གེ་མོ་ཞོགས་པར་མལ་ལས་ལངས་སྐབས་གློ་བུར་དུ་མགོ་ཡུ་འཁོར་ནས་དྲན་མེད་དུ་བརྒྱལ་བས། མྱུར་དུ་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱས་པ་ན། ཁྲག་ཤེད་དམའ་བ་དགུ་བཅུ་དང་མཐོ་བ་བརྒྱ་དང་བདུན་ཅུར་བུད་ཡོད་ཅིང་། སྨན་པས་བཤད་ན། དེ་ནི་ཁྲག་ཤེད་མཐོ་བ་ལས་བསླངས་པའི་གནས་སྐབས་རང་བཞིན་གྱི་ཀླད་པར་ཁྲག་གིས་མ་འདང་བ་རེད་ཟེར།  དུས་ཐོག་ཏུ་བརྟག་དཔྱད་དང་གསོ་བཅོས་བྱས་པས་སྐྱོན་ཆེན་པོ་མ་བྱུང་།

མ་གཞིར་རྒན་པོ་དེ་ལ་ལོ་གཉིས་སྔོན་ནས་བཟུང་ཁྲག་ཤེད་མཐོ་བའི་ནད་ཡོད་ཅིང་། ལོ་ན་ཇེ་མཐོར་གྱུར་བ་དང་བསྟུན་ནས་ཁྲག་ཤེད་ཅུང་ཇེ་མཐོར་འགྲོ་བ་ནི་རྒྱུན་ལྡན་རེད་འདོད་པ་དང་། ད་དུང་དེའི་ཁར་ནད་རྟགས་ཅི་ཡང་མེད་པས་སྣང་མེད་དུ་བསྐྱུར་བ་རེད།

མི་མང་པོ་ཞིག་གིས་ལོ་ན་རྒས་པ་དང་བསྟུན་ནས་ཁྲག་ཤེད་ཇེ་མཐོར་འགྲོ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་བསམ་བཞིན་ཡོད། དོན་དངོས་སུ་དེ་ལྟ་བུ་ཞིག་མིན་ཏེ། རྒན་པ་རྣམས་ཀྱི་ཁྲག་ཤེད་ཀྱི་ཚད་གཞི་དེ་གཞོན་པ་རྣམས་ཀྱི་ཁྲག་ཤེད་ཀྱི་ཚད་གཞི་དང་གཅིག་མཚུངས་ཡིན་པས། ཅུང་ཟད་ཇེ་མཐོར་སོང་ནའང་དོ་སྣང་བྱེད་དགོས་པ་ཡིན། གཤམ་དུ་ཁྲག་ཤེད་མཐོ་བར་གསོ་བཅོས་བྱེད་པའི་ཐད་ཀྱི་ནོར་འཁྲུལ་གྱི་ལྟ་ཚུལ་འགའ་ངོ་སྤྲོད་ཅིག་བྱེད།

གཅིག ནད་རྟགས་མེད་ན་སྨན་འཐུང་མི་དགོས་པར་འདོད་པ།

ཁྲག་ཤེད་མཐོ་བའི་ནད་པ་མང་ཆེ་ཤོས་ཤིག་ལ་ཐོག་མའི་དུས་སྐབས་སུ་ནད་རྟགས་ཅི་ཡང་མེད་མོད། ནད་བབ་ཅུང་འགོར་འགྱངས་སུ་སོང་ན་ད་གཟོད་མགོ་ན་བ་དང་། མགོ་ཡུ་འཁོར་བ། རྣ་འུར་བ། སྐེ་འཇིང་དང་སྒལ་བའི་ཤ་གྲིམ་ན་བ་སོགས་འབྱུང་། དེ་བས་ནད་རྟགས་གང་ཡང་མེད་ནའང་ཁྲག་ཤེད་མཐོ་བ་དེས་སྙིང་དང་ཀླད་པ། མཁལ་མ་སོགས་ལ་གནོད་འཚེ་བཟོ་སྲིད་པས། ཁྲག་ཤེད་མཐོ་བའི་ནད་བྱུང་ཚེ། རང་དགར་མི་བསྐྱུར་བར་གསོ་བཅོས་བྱེད་དགོས།

གཉིས། ཁྲག་ཤེད་རྒྱུན་ལྡན་དུ་གྱུར་ཚེ་སྨན་འཐུང་མཚམས་འཇོག་དགོས་པར་འདོད་པ།

ཁྲག་ཤེད་མཐོ་བ་ནི་དལ་བའི་རང་བཞིན་གྱི་ནད་རིགས་ཤིག་ཡིན་པས། ནད་པ་མང་ཆེ་བས་དུས་ཡུན་རིང་བོའམ་ཡང་ན་ཚེ་གང་བོར་སྨན་འཐུང་ནས་ནད་བབ་ལ་ཚོད་འཛིན་བྱེད་དགོས་ལ། རྩ་བ་ནས་སངས་དྲག་ཏུ་གཏོང་དཀའ། ཞིབ་འཇུག་ལས་ཤེས་པ་ལྟར་ན། སྨན་འཐུང་མཚམས་བཞག་རྗེས་ཁྲག་ཤེད་ཡང་བསྐྱར་ཇེ་མཐོར་འགྲོ་སླ་ཞིང་དེ་དང་བསྟུན་ནས་སྙིང་རྩ་དང་ཀླད་རྩ་འགག་པ་སོགས་བླ་གཉན་ནད་ཀྱི་འབྱུང་ཚད་ཅུང་མཐོ། དེ་བས། ཁྲག་ཤེད་གཅོག་པའི་སྨན་ལ་ཁྲག་ཤེད་གཅོག་པ་ལས་ཁྲག་ཤེད་སྙོམས་སྒྲིག་བྱེད་པ་དང་། དབང་བོ་གཞན་རྣམས་ལ་སྲུང་སྐྱོབ་བྱེད་པའི་ནུས་པའང་ཡོད།

གསུམ། ཁྲག་ཤེད་གཅོག་པའི་སྨན་ལ་གོམས་ལོབས་རང་བཞིན་ལྡན་པར་འདོད་པ།

མི་མང་པོ་ཞིག་གི་བསམ་པར། ཁྲག་ཤེད་གཅོག་པའི་སྨན་ལ་གོམས་ལོབས་རང་བཞིན་ལྡན་པར་འདོད་པ་དེ་ནི་ཡང་དག་ཅིག་མིན། ཁྲག་ཤེད་གཅོག་པའི་སྨན་དེ་དབྱིངས་ཞུགས་པའི་རང་བཞིན་གྱི་སྨན་རྫས་སུ་མི་གཏོགས། ནད་ཐོག་ཏུ་བྱ་བའི་ལས་འགན་ལྗིད་ཅིང་ལུས་ཚེགས་པའམ་སེམས་ཁམས་ལ་ཕོག་ཐུག་ཐེབས་པ་བཅས་ལས་ཁྲག་ཤེད་ཇེ་མཐོར་སོང་བའི་མི་ལ་སྨན་དེ་བཀོལ་བཞིན་ཡོད་པར་མ་ཟད། གནས་བབ་དང་བསྟུན་ནས་སྨན་འཐུང་མཚམས་བཞག་ཆོག ཡིན་ནའང་ཁྲག་ཤེད་མཐོ་བའི་ནད་པར་ངོས་བཟུང་རྗེས་སྨན་འཐུང་མཚམས་གཏན་ནས་འཇོག་མི་རུང་བར་དུས་ཡུན་རིང་བོར་སྨན་འཐུང་ནས་ཁྲག་ཤེད་ལ་ཚོད་འཛིན་བྱེད་དགོས། གང་འདོད་སྒོས་སྨན་འཐུང་མཚམས་བཞག་ན་ཁྲག་ཤེད་ཡང་བསྐྱར་ཇེ་མཐོར་འགྲོ་སྲིད། སྨན་རྫས་ཡོད་ཚད་ལ་ཞོར་སྐྱོན་ཡོད་མོད། ཁྲག་ཤེད་མཐོ་བའི་གནོད་པ་དང་བསྡུར་ན། དེའི་ཞོར་སྐྱོན་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན།

བཞི།  ཁྲག་ཤེད་མཐོ་བའི་ནད་བྱུང་བའི་ཐོག་མའི་དུས་སུ་སྨན་བཟང་པོ་བཀོལ་མི་རུང་བར་འདོད་པ།

ཁྲག་ཤེད་གཅོག་པའི་སྨན་ནི་དུག་སྲིན་འགོག་སྨན་གྱི་རིགས་མིན་པས། དེ་ལ་གོམས་པའི་རང་བཞིན་གྱི་གནས་ཚུལ་མི་འབྱུང་། མིག་སྔར། ནད་ཐོག་ནས་ཚང་མས་ཁྲག་ཤེད་མཐོ་བའི་ནད་པར་གསོ་བཅོས་བྱེད་པའི་སྨན་ཆེས་བཟང་པོ་ནི། དུས་ཡུན་རིང་པོར་ཕན་ཐོགས་པའི་ཁྲག་ཤེད་གཅོག་པའི་སྨན་རྫས་ཏེ། ཐེངས་གཅིག་འཐུང་ན་དུས་ཚོད་ཉེར་བཞིའི་རིང་ལ་གོ་ཆོད་པ་དེ་ཡིན། དུས་ཡུན་ཐུང་ངུའི་ནང་ཕན་ཐོགས་པའི་སྨན་རྫས་དེ་སྤྱིར་གློ་བུར་དུ་ཁྲག་ཤེད་ཇེ་མཐོར་སོང་བར་བཀོལ་བཞིན་ཡོད་ཅིང་། དེའི་སྨན་ནུས་ཐུང་ལ་དུས་ཡུན་རིང་བོར་བཀོལ་ན་ཁྲག་ཤེད་ཇེ་མཐོ་དང་ཇེ་དམར་འགྲོ་རུ་འཇུག་སྲིད། དེ་བས། ནད་པ་རང་ཉིད་ཀྱི་བྱེ་བྲག་གི་གནས་ཚུལ་ལ་དམིགས་ནས། རང་དང་འཚམ་པའི་སྨན་བདམས་ནས་འཐུང་དགོས།

ལྔ། ཁྲག་ཤེད་མཐོ་བར་མྱུར་དུ་སྨན་འཐུང་ནས་རྒྱུན་ལྡན་དུ་གཏོང་དགོས་པར་འདོད་པ།

སྤྱིར་བཏང་གི་གནས་ཚུལ་འོག ཁྲག་ཤེད་ནི་རིམ་གྱིས་ཇེ་མཐོར་གྱུར་བ་ཡིན་པས། དེ་གསོ་བཅོས་བྱེད་ནའང་རིམ་གྱིས་གསོ་བཅོས་བྱེད་དགོས། མྱུར་བའི་རང་བཞིན་གྱིས་ཁྲག་ཤེད་ཇེ་མཐོར་གྱུར་བའི་རིགས་མ་གཏོགས།  ཁྲག་ཤེད་དེ་མྱུར་ཞིང་ཚད་ཆེན་པོའི་སྒོ་ནས་མར་འབབ་ཏུ་འཇུག་མི་རུང་། དེ་ལྟར་བྱས་ན་ཀླད་པར་ཁྲག་གིས་མ་འདང་བ་ལས་གནས་ཚུལ་མི་ལེགས་པ་འབྱུང་སྲིད། སྤྱིར་བཤད་ན། ཁྲག་ཤེད་མར་འབབ་ཏུ་འཇུག་པའི་ཆེས་ཡང་དག་པའི་བྱེད་ཐབས་ནི། དལ་ཞིང་བརྟན་བརླིང་ངང་རིམ་གྱིས་མར་འབབ་ཏུ་འཇུག་དགོས།

དྲུག རང་གིས་རང་ལ་བརྟག་ནས་ཁྲག་ཤེད་མཐོ་བར་ངོས་འཛིན་པ།

མི་མང་པོ་ཞིག་གིས་སྨན་ཁང་དུ་སོང་ནས་ལུས་ཕུང་ལ་བརྟག་དཔྱད་བྱེད་སྐབས་ཁྲག་ཤེད་ཇེ་མཐོར་གྱུར་ཡོད་པ་ཤེས་ལ། ཕྱིར་ཁྱིམ་དུ་ལོག་ནས་རང་གིས་རང་ལ་བརྟག་ཚེ་ཁྲག་ཤེད་རྒྱུན་ལྡན་ཡིན་པས།  དེ་ནི་སྨན་པའི་གམ་དུ་སེམས་འཚབ་པ་ལས་ཁྲག་ཤེད་ཇེ་མཐོར་གྱུར་བར་འདོད།  དོན་དངོས་སུ་རང་ལ་ཁྲག་ཤེད་མཐོ་བའི་ནད་བྱུང་ཡོད་མེད་ལ་བརྟག་ན། སྒོ་བསྟེན་སྨན་ཁང་དང་རང་ཁྱིམ་ནས་ཐེངས་རེ་གཉིས་ཙམ་ལ་ཁྲག་ཤེད་ལ་བརྟག་ནས་ངོས་འཛིན་མི་རུང་བར་བསྟུད་མར་ཉིན་འགའ་ལ་བརྟག་དགོས་ཤིང་། ཚང་མ་ཁྲག་ཤེད་དམའ་བ་དགུ་བཅུ་དང་མཐོ་བ་བརྒྱ་དང་བཞི་བཅུར་བུད་ཡོད་ཚེ། ད་གཟོད་ཁྲག་ཤེད་མཐོ་བར་ངོས་བཟུང་ཆོག དེ་བས་རྒྱུན་པར་རང་ཁྱིམ་ནས་ཁྲག་ཤེད་ལ་བརྟག་དགོས་ལ། དེའང་ཚད་ལས་བརྒལ་ན་སེམས་ཁམས་བདེ་ལ་འབབ་མི་ཐུབ་པར། དེ་ལས་ལྡོག་སྟེ་ཁྲག་ཤེད་བརྟན་འཇགས་མིན་པར་བཟོ་སྲིད།

བདུན། སྨན་རྫས་རྒྱུན་པར་བརྗེ་དགོས་པར་འདོད་པ།

ཁྲག་ཤེད་གཅོག་པར་རང་ལ་འཚམ་པའི་སྨན་ཞིག་བདམ་ནས་ཅུང་ཡུན་རིང་པོར་འཐུང་ནས་གོ་ཆོད་མིན་ལ་བརྟག་དགོས། ཆེས་ཕན་ནུས་ལྡན་པའི་སྨན་ཞིག་རྙེད་རྒྱུ་ནི་ལས་སླ་བོ་མིན་པས། གལ་ཏེ་ཁྲག་ཤེད་ཡར་འཕར་མར་འབབ་བྱེད་དུ་མི་འཇུག་པར་བརྟན་བརླིང་ངང་གནས་པ་དང་། ད་དུང་ཞོར་སྐྱོན་ཆེན་པོ་མེད་ན་དུས་ཡུན་རིང་བོར་སྨན་དེ་བདམས་ནས་འཐུང་ཆོག

བརྒྱད། གཞན་གྱིས་ཉམས་མྱོང་ལྟར་རང་དགར་སྨན་བདམས་ནས་འཐུང་བ།

ཁྲག་ཤེད་མཐོ་བའི་ནད་ཀྱི་སློང་རྐྱེན་རྙོག་འཛིང་ཡིན་པས། ནད་ཐོག་ནས་དེ་ལ་རིགས་མང་པོར་བཀར་ཡོད། མི་རེ་རེའི་ལུས་ཕུང་གི་རྒྱུ་སྤུས་དང་ནད་བབ་ཀྱི་གནས་ཚུལ་མི་གཅིག་པས། མི་གཞན་པའི་གནས་ཚུལ་ལྟར་སྨན་འཐུང་ན་ཕན་ཐོགས་མིན་མི་ཤེས། དེ་བས། ཁྲག་ཤེད་མཐོ་བའི་ནད་པས་སྨན་པའི་མཛུབ་སྟོན་འོག་སྨན་འཐུང་དགོས་པ་ལས་རང་དགར་སྨན་བདམས་ནས་འཐུང་མི་རུང་།

དགུ། ལུས་ཟུངས་གསོ་བའི་སྨན་རྫས་ཀྱིས་ཀྱང་ཁྲག་ཤེད་གཅོག་ཐུབ་པར་འདོད་པ།

ལོ་ལོན་མང་པོ་ཞིག་གིས་ཚོང་འཕྲིན་དྲིལ་བསྒྲགས་ལ་ཡིད་གཏད་ནས། ལུས་ཟུངས་གསོ་བའི་སྨན་རྫས་ཀྱིས་ཀྱང་ཁྲག་ཤེད་གཅོག་ཐུབ་པར་འདོད་ཀྱིན་ཡོད། དོན་དངོས་སུ། ལུས་ཟུངས་གསོ་བའི་སྨན་རྫས་ཀྱིས་ཁྲག་ཤེད་མར་འབབ་ཏུ་འཇུག་ཐུབ་པར་ཚན་རིག་གི་ནད་ཐོག་བདེན་དཔང་ཅི་ཡང་མེད་པས། དེ་ལྟར་བྱས་ན་ནད་བབ་འགོར་འགྱངས་སུ་གཏོང་བ་ཡིན།

བཅུ། གནམ་ཁབ་ལ་བརྟེན་ནས་ཁྲག་ཤེད་མར་འབབ་ཏུ་འཇུག་པ།

ཁྲག་ཤེད་མཐོ་བ་ལས་ཉེན་ཁ་ཆེན་པོ་བཟོས་པ་དང་ཡང་ན་ཁྲག་ཤེད་མཐོ་བ་ལས་ཀླད་པར་གནོད་སྐྱོན་ཕོག་པ་བཅས་ཀྱི་སྐབས་སུ་གནམ་ཁབ་རྒྱག་དགོས་པ་མ་གཏོགས། སྤྱིར་ཁྲག་ཤེད་མཐོ་བའི་ནད་པས་ཡུན་རིང་དུ་སྨན་འཐུང་དགོས་པ་ལས། གནམ་ཁབ་རྒྱག་མི་དགོས།

བཅུ་གཅིག ཁྲག་ཤེད་ཇི་ལྟར་དམའ་ན་དེ་ལྟར་བཟང་བར་འདོད་པ།

ཁྲག་ཤེད་ནི་ལུས་ཕུང་གི་སྒུལ་ཤུགས་གཙོ་བོ་ཡིན་པས། ཁྲག་ཤེད་དེ་དུས་ཡུན་ཐུང་ངུའི་ནང་ཆེས་ཇེ་དམར་སོང་ནས་ལུས་ཕུང་སྙོམས་སྒྲིག་གི་ཚད་ལས་བརྒལ་ཚེ། ཁྲག་རྒྱུན་འཁོར་སྐྱོད་ལ་གནོད་པ་ཐེབས་ནས་ཀླད་ཁྲག་འགག་ཏུ་འཇུག་སྲིད།

བཅུ་གཉིས། དུས་གཏན་འཁེལ་སྒོས་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་མི་དགོས་པར་འདོད་པ།

སྨན་འཐུང་ནས་དུས་ཡུན་ངེས་ཅན་ཞིག་ལ་གསོ་བཅོས་བྱས་རྗེས། ཁྲག་ཤེད་བརྟན་ཆགས་སུ་གྱུར་ནའང་། དུས་གཏན་འཁེལ་སྒོས་སྨན་ཁང་དུ་སོང་ནས་སྨན་རྫས་ཀྱི་ཞོར་སྐྱོན་ལ་བརྟག་དཔྱད་བྱེད་དགོས་ཏེ། སྙིང་དང་ཀླད་པ། མཁལ་མ་སོགས་ལ་གནོད་པ་བསྐྱལ་བཞིན་ཡོད་མེད་དང་སྨན་འཐུང་ཚད་འོས་མཐུན་ཡིན་མིན་བཅས་ལ་བལྟ་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།