བྱིས་པ་རློན་ནུར་རྒྱུན་པར་བྱིལ་བྱིལ་དང་གཅེས་སྐྱོང་བྱེད་དགོས།
2023.09.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

བྱིས་པ་རློན་ནུའི་མགོ་དང་ལུས་ལ་བྱིལ་བྱིལ་བྱེད་པ་ནི་འགྲོ་བ་མིའི་རིགས་ལ་ཐོག་མ་ནས་གྲུབ་པའི་བརྩེ་བ་མཚོན་པའི་བྱ་སྤྱོད་ཅིག་ཡིན། བྱ་སྤྱོད་འདིའི་རིགས་ཚང་མར་རྒྱུན་འབྱམས་སུ་གྱུར་ཡོད། ཡིན་ནའང་སྔོན་ཆད་མི་མང་ཆེ་ཤོས་ཀྱི་སེམས་སུ་འདི་ནི་བྱིས་པར་བརྩེ་འདང་ཆེ་བའི་མཚོན་རྟགས་ཤིག་ཏུ་བརྩི་བཞིན་ཡོད་ལ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པར། འབྲེལ་ཡོད་ཕྱོགས་ཀྱི་མཁས་པ་ཞིག་གིས་འདི་ལ་ཞིབ་འཇུག་བྱས་ནས་བྱིས་པར་བྱིལ་བྱིལ་དང་འཕུར་མཉེད་བྱས་ན་ད་དུང་བྱིས་པའི་འཚར་སྐྱེ་ལ་ཕན་པར་མ་ཟད། རིམས་འགོག་ནུས་པ་ཇེ་ཆེར་གཏོང་བ། ཟས་འཇུ་བ། གཉིད་ཁུག་པ། སེམས་ལྷོད་ལ་འབབ་ཅིང་མི་ངུ་བ་སོགས་བྱིས་པའི་ལུས་སེམས་བདེ་ཐང་དང་འཚར་ལོངས་འབྱུང་བར་ཕན་པ་ལྡན་པ་གསར་དུ་ཤེས་རྟོགས་བྱུང་། ལྷག་པར་དུ་ཁྱིམ་མི་དང་བྱིས་པའི་བར་གྱི་བརྩེ་འདང་ཇེ་ཟབ་དང་བྱིས་པའི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་རེད། རྒྱལ་ཁབ་ཕྱི་ནང་གི་སྲོག་ཆགས་ལ་ཚོད་ལྟ་དང་ལག་ལེན། བརྟག་དཔྱད་ཞིབ་འཇུག་བཅས་བྱས་པ་ལས། བྱིལ་བྱིལ་བྱེད་དུས་ཀྱི་སྐྱེ་ལུགས་འགྱུར་འབྱུང་གྲུབ་ལུགས་ཧ་ཅང་རྙོག་འཛིང་ཡིན་ལ། དེ་འཚོ་གནས་ལ་མཚོན་ན་མེད་དུ་མི་རུང་བའི་སྐྱེ་ལུགས་ལ་འཕྲོད་པའི་རང་བཞིན་གྱི་འགྱུར་འབྱུང་ཞིག་ཡིན་ལ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་སྐྱེ་ལུགས་ཀྱི་མ་མཐའི་དགོས་མཁོ་ཞིག་ཀྱང་རེད།

གཅིག བྱིལ་བྱིལ་བྱེད་སྐབས་ཡིད་འཇོག་བྱེད་དགོས་ས།

1.བྱིས་པར་ནུ་ཞོ་བསྣུན་རྗེས་ཀྱི་དུས་ཚོད་གཅིག་གི་ནང་། བྱིས་པའི་སེམས་ཅུང་འཚུབ་ཡོད་པ་དང་། ཐང་ཆད་ཡོད་པས། སྐབས་དེར་བྱིལ་བྱིལ་བྱེད་མི་རུང་།

2.ལྟེ་བའི་རྨ་ཁ་སོས་ཡག་མིན་པའི་བྱིས་པའི་གསུས་པ་དང་ལུས་ལ་བྱིལ་བྱིལ་བྱེད་མི་རུང་།

3.ཟླ་ཁ་མ་ལོངས་པར་སྐྱེས་པའི་བྱིས་པ་དང་ན་ཚ་བྱུང་ཡོད་པའི་བྱིས་པར་བྱིལ་བྱིལ་བྱེད་ན་སྨན་པའི་མཛུབ་སྟོན་འོག་བྱེད་དགོས། བྱིལ་བྱིལ་བྱེད་དུས་ཁྱིམ་བདག་གི་ལག་པ་གཙང་མར་བཀྲུ་དགོས་པ་དང་ལག་པ་ཅུང་ངར་དུ་བཅུག་རྗེས་ཡང་ཞིང་འཇམ་པོའི་སྒོ་ནས་བྱིལ་བྱིལ་བྱེད་དགོས།

4.བྱིས་པའི་ལུས་ཕུང་དང་རྐང་ལག་ལ་ཐད་ཀར་བྱིལ་བྱིལ་བྱེད་དུས་སྣུམ་ཅུང་ཙམ་བྱུགས་ནས་བྱིལ་བྱིལ་བྱས་ན་སྐྱི་པགས་ལ་མི་གནོད་པ་ཡིན། བྱིལ་བྱིལ་བྱེད་སྐབས་ཤེད་འོས་འཚམ་ཞིག་བཀོལ་དགོས་ཏེ། འཇམ་དྲགས་ན་ཟ་འཕྲུག་སློང་བ་དང་འདྲ་བས་བྱིས་པར་སུན་སྣང་བཟོ་བ་ཡིན། རབ་ཡིན་ན་བྱིས་པའི་ལུས་ལ་ཁྲུས་བྱས་རྗེས་ལྭ་བ་བརྗེ་སྐབས་སུ་བྱིལ་བྱིལ་བྱས་ན་བཟང་།

5.བྱིལ་བྱིལ་བྱེད་དུས་བྱིས་པའི་རྣམ་འགྱུར་ལ་མཉམ་བཞག་ནས་བྱིལ་བྱིལ་བྱེད་སྟངས་དང་ལག་ཤེད་ཇེ་ཡང་དུ་ཇེ་ལྗིད་དུ་གཏོང་དགོས། བྱིས་པ་ངུ་བ་དང་ཤ་འཁུམ་པ། མཚམས་མེད་པར་འགུལ་བ། སེམས་འཚབ་པ། པགས་པའི་ཤ་མདོག་དང་ཁ་ཤ། ཁ་ཤའི་ཉེ་འཁོར་གྱི་མདོག་འགྱུར་བ་དང་སྐྱུགས་པ་སོགས་ཀྱི་གནས་ཚུལ་བྱུང་ན། གནས་དེ་རུ་བྱིལ་བྱིལ་བྱེད་མཚམས་འཇོག་དགོས། གལ་ཏེ་གོང་གི་མངོན་རྟགས་དེ་དག་སྐར་མ་གཅིག་གི་ཡུན་ལ་མི་ཡལ་ན་བྱིལ་བྱིལ་བྱེད་མཚམས་རྩ་བ་ནས་འཇོག་དགོས།

གཉིས། བྱིལ་བྱིལ་བྱེད་སའི་གནས།

1.ཉིན་རྒྱུན་ཆེས་མང་བ་ནི་བྱིས་པའི་མགོ་དང་ངོ་། སྐེ། རྐང་ལག་བཅས་ལ་བྱིལ་བྱིལ་བྱེད་དགོས་པ་ཡིན། བྱིལ་བྱིལ་མ་བྱས་སྔོན་ལ་ཁྱིམ་བདག་གི་ལག་པ་གཙང་མར་བཀྲུས་ཏེ་ལག་མཐིལ་ལ་བྱིས་པར་བཀོལ་སྤྱོད་བྱེད་པར་འཚམ་པའི་སྣུམ་བྱུགས་ནས་བྱིལ་བྱིལ་བྱེད་དགོས། ཁྱིམ་བདག་གི་ལག་པ་གཉིས་ཀྱི་མཐེ་བོང་གིས་བྱིས་པའི་དཔྲལ་བའི་དཀྱིལ་ནས་ཕྱོགས་གཉིས་ལ་བྱིལ་བྱིལ་བྱེད་པ་དང་ཡང་ན་མ་མགལ་གྱི་དཀྱིལ་ནས་རིམ་གྱིས་གྱེན་ལ་བྱིལ་བྱིལ་བྱེད་དགོས།

2.བྱིས་པའི་ལུས་པོ་དང་བྲང་ཁ། གསུས་པ་བཅས་ལ་བྱིལ་བྱིལ་བྱེད་སྐབས། སྨན་པའི་ཁྲིད་སྟོན་ལྟར་བྱིལ་བྱིལ་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།།

《བང་མའི་བདེ་སྲུང་ཤེས་བྱ》ཞེས་པའི་དཔེ་དེབ་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།