ཀལ་སྨན་གདམ་གསེས་བྱེད་སྟངས།
2023.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

2022ལོའི་ཀྲུང་གོའི་སྡོད་དམངས་བཟའ་བཅའི་ཕྱོགས་སྟོན་སྟེང་བཀོད་པ་ལྟར་ན། རང་རྒྱལ་གྱི་ལོ་བཅོ་བརྒྱད་ནས་ཞེ་དགུའི་བར་གྱི་མི་ཚོགས་ལ་ཉིན་རེར་ཀལ(གཞི་རྒྱུ་ཀལ)ཧའོ་ཁེ800རེ་དང་། ལོ50ཡན་གྱི་རྒན་དར་དང་སྦྲུམ་མ། ནུ་མ་སྣུན་གྱིན་པའི་བུད་མེད་བཅས་ལ་ཉིན་རེར་ཀལ་ཧའོ་ཁེ1000ནས1200རེ་མཁོ་མོད། འོན་ཀྱང་འཚོ་བཅུད་བརྟག་དཔྱད་ཀྱི་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་སྡོད་དམངས་ཀྱི་ཉིན་རེའི་ཀལ་གྱི་བཟའ་ཚད་ཧའོ་ཧྲིན400ལས་མེད་པས། ཀལ་ཁ་གསབ་བྱེད་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད་ལ། བྱིས་པ་དང་རྒན་པ། སྦྲུམ་མ་བཅས་ལ་མཚོན་ན་དེ་ལས་ཀྱང་དགོས་གལ་ཆེ།

ཀལ་ནི་མི་ལུས་ལ་ངེས་པར་དུ་མཁོ་བའི་གཞི་རྒྱུ་ཞིག་ཡིན་ཏེ། རྙིང་ཚབ་གསར་བརྗེ་དང་ལུས་ཁམས་སྙོམས་སྒྲིག་སོགས་ལ་ནུས་པ་གལ་ཆེན་ཐོན། དུས་རྒྱུན་གྱི་བཟའ་བཏུང་དང་འཚོ་བའི་གོམས་གཤིས་ལེགས་པོ། ཀལ་སྨན་འཐུང་བ་བཅས་ལས་ཀལ་ཁ་གསབ་བྱེད་ཐུབ། བཟའ་བཏུང་ལེགས་པར་བསྟེན་པ་ནི་ཀལ་སྡུད་ལེན་བྱེད་སྟངས་ཆེས་ལེགས་པོ་དེ་ཡིན། འོ་མ་དང་འོ་བཟོས་ཐོན་རྫས་ནི་ཀལ་གྱི་འདུས་ཚད་ཆེས་མཐོ་བའི་ཟས་རིགས་ཡིན་ལ། གཞན་ད་རུང་སྲན་རིགས་དང་མཚོ་ཟས། ཇིན་ཚལ་དང་པད་ཁ། ཙོང་རིལ། མོག་རོ། ཏིལ། སིལ་སྐམ་སོགས་ཀྱི་ནང་དུའང་ཀལ་གྱི་འདུས་ཚད་ཧ་ཅང་མཐོ། ཕྱི་རོལ་དུ་བྱ་འགུལ་ལ་ཞུགས་པ་དང་ཉི་མར་ལྡེ་ན། ལུས་སྟེང་དུ་འཚོ་རྒྱུDའབྱུང་ཞིང་། ཀལ་ཁ་གསབ་བྱེད་པར་ཕན་པ་ཆེན་པོ་ཡོད།

བཟའ་བཏུང་ལས་གཞན་ད་རུང་ཀལ་སྨན་འཐུང་ནས་ཀལ་ཁ་གསབ་བྱས་ཀྱང་ཆོག ད་ལྟ་ཚོང་རའི་ནང་དུ་ཐཱན་སྐྱུར་ཀལ་དང་ལིན་སྐྱུར་ཀལ། ཚུའུ་སྐྱུར་ཀལ། འོ་སྐྱུར་ཀལ་སོགས་ཀལ་སྣ་མི་འདྲ་བ་སྣ་ཚོགས་ཡོད་ལ། དེ་དག་གི་ཁྱད་པར་ཆེས་ཆེན་པོ་ནི་གཞི་རྒྱུ་ཀལ་གྱི་འདུས་ཚད་མི་འདྲ་བ་དེ་རེད། གདམ་གསེས་བྱེད་པའི་སྐབས་སུ་ངེས་པར་དུ་གཞི་རྒྱུ་ཀལ་གྱི་འདུས་ཚད་དེ་རང་ཉིད་ཀྱི་ལུས་པོ་དང་འཕྲོད་མིན་ལ་མཉམ་འཇོག་དགོས། དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཐཱན་སྐྱུར་ཀལ་དང་ལིན་སྐྱུར་ཀལ་སོགས་ཀྱི་སྐྱེ་མེད་ཀལ་གྱི་ནང་དུ་ཀལ་གྱི་འདུས་ཚད་མཐོ་མོད།འོན་ཀྱང་ཕོ་རྒྱུའི་བྱེད་ནུས་མི་ལེགས་པ་དང་བཤང་བ་འགག་སླ་བའི་མི་ཚོགས་དང་རྒན་པ་དང་བྱིས་པ་བཅས་ལ་མི་འཕྲོད་པས།མི་ཚོགས་དེའི་རིགས་ཀྱིས་འོ་སྐྱུར་ཀལ་དང་རྒུན་འབྲུམ་ཧྭགས་སྐྱུར་ཀལ་སོགས་སྐྱེ་ལྡན་ཀལ་གདམ་གསེས་བྱེད་དགོས།ཀལ་སྨན་འདེམ་པའི་སྐབས་སུ་ད་རུང་ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་དོ་སྣང་ལེགས་པོ་བྱས་ཏེ།རྒྱལ་ཁབ་ཀྱི་དཔང་དངོས་ར་སྤྲོད་བརྒྱུད་ཡོད་མེད་ལ་མཉམ་འཇོག་དགོས། །

རྩོམ་སྒྲིག་པ། འབྲུག་མོ།