གསུས་པ་གཟེར་བ་ལ་ཟུག་གཅོག་གི་བཅོས་ཐབས་གང་འདོད་དུ་བསྟེན་མི་རུང་།
2023.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 60

གསུས་པ་གཟེར་བ་ནི་ལུས་ཕུང་མི་བདེ་བའི་སྐབས་ཀྱི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ཏེ། མིའི་ལུས་ཀྱིས་ན་ཟུག་མངོན་གསལ་དུ་ཚོར་ཐུབ་པས་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

མིའི་གསུས་ཁོག་ཏུ་ཕོ་བ་དང་རྒྱུ་མ། མཆིན་མཁྲིས། མཚེར་བ། མཁལ་མ། གཅིན་སྦུག ལྒང་པ། བུ་སྣོད་དང་བསམ་བསེའུ། འཕར་རྩའི་སྡོང་པོ་སོགས་དོན་སྣོད་བཅུ་ལྷག་ཡོད། དེ་དག་ལ་ནད་ཀྱིས་འཚེ་བའི་དུས་སུ་གསུས་པར་ཟུག་གཟེར་ལྡང་བ་དང་། དེ་མིན་གནས་གཞན་ལ་ནད་ཀྱིས་འཚེ་བའི་དུས་སུའང་གསུས་པར་འཕྲོས་ཏེ་ཟུག་གཟེར་ལྡང་བ་ཡིན།

ནད་ཐོག་སྨན་པར་མཚོན་ནའང་གསུས་པའི་ཟུག་གཟེར་གྱི་ནད་རྐྱེན་ངོས་འཛིན་པར་དཀའ་ཁག་ངེས་ཅན་ཡོད་དེ། གསུས་པ་ན་བའི་ནད་རྐྱེན་བྱུང་རིམ་དང་ན་ཟུག་ལྡང་ཚུལ། ན་བའི་གནས་སོགས་གསལ་པོར་རྟོགས་དགོས་པར་མ་ཟད། གཞོགས་འདེགས་དཔྱད་ཆོས་དང་རྫས་འགྱུར་བརྟག་དཔྱད་སོགས་ལ་བརྟེན་ནས་ངོས་འཛིན་དགོས། དེ་མིན་ནད་ངོས་མ་ཟིན་པར་འགོར་འགྱངས་བཟོས་ཏེ་ཚེ་སྲོག་ལ་ཉེན་ཁ་འབྱུང་བའང་ཡོད།

གསུས་པའི་ཟུག་གཟེར་བསྐྱེད་པའི་རྒྱུན་མཐོང་གི་ནད་རྐྱེན་ལ་གཞིགས་ནས། གསུས་གཟེར་ལ་ནང་གསེས་དབྱེ་བ་འགའ་ཕྱེ་ཡོད་པ་གཤམ་ལྟར།

གསུས་པའི་གཡས་སྟོད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་རྒྱུ་སོར་བཅུ་གཉིས་ཀྱི་ཁུགས་སོ་རལ་བ་དང་མཁྲིས་ཚད་འཕར་བ། མཁྲིས་སྐྲན་བྱུང་བ། མཆིན་ཚད་འཕར་བ། བྲང་སྐྱིའི་གཉན་ཚད་འཕར་བ། གློ་གཡས་དང་བྲང་སྐྱིའི་གཉན་ཚད། མཁལ་གཡས་ལ་རྡོ་སྐྲན་བྱུང་བའམ་གཉན་ཚད་འཕར་བ་སོགས་ཡོད།

གསུས་པའི་དབུས་སྟོད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་མཁྲིས་རྩའི་གྲོལ་འབུ་ནད། རལ་རྨ་བརྡོལ་བ། ཕོ་རྩ་རེངས་པ། གཤེར་རྨེན་གཉན་ཚད་འཕར་བ། རྒྱུ་ལྷག སྙིང་གཟེར་དང་སྙིང་འགག་སོགས་ཡོད།

གསུས་པའི་གཡོན་སྟོད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་གཤེར་རྨེན་གཉན་ཚད་དང་ཕོ་རྨ་བརྡོལ་བ། མཚེར་བ་རྒྱུ་མར་འབྱར་བའི་ནད། མཚེར་བའི་མཐའ་འཁོར་གྱི་གཉན་ཚད། མཆིན་དྲི་དཀར་ནག་གཡོན་འདབས་ཀྱི་རྣག་སྐྲན། གློ་གཡོན་དང་བྲང་སྐྱིའི་གཉན་ཚད། མཁལ་གཡོན་གྱི་རྡོ་སྐྲན་དང་གཉན་ཚད། སྙིང་གཟེར་སོགས་ཡོད།

ལྟེ་འཁོར་གྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་རྒྱུ་མ་འགག་པ། རྒྱུ་མའི་གྲོལ་འབུ། རྒྱུ་རྩ་རེངས་པ། རྒྱུ་ལྷག ལོང་གའི་སྐྲངས་འབུར། གསུས་སྐྱིའི་གཉན་ཚད། སྨན་རྫས་སྣ་ཚོགས་ཀྱིས་བསྐྱེད་པ་སོགས་ཡོད།

གསུས་པའི་གཡས་སྨད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་རྒྱུ་ལྷག་དང་སྣེ་ས་ཁུད་ཀྱི་སྐྲངས་འབུར། རྒྱུ་མའི་རྨེན་བུའི་གཉན་ཚད། རྒྱུ་མའི་རྨ་བརྡོལ། རྒྱུ་མ་འགག་པ། རྒྱུ་མའི་གཅོང་ནད་དང་འབྲས་སྐྲན། གཅིན་སྦུག་གཡས་མའི་རྡོ་སྐྲན་སོགས་ཡོད།

གསུས་པའི་དབུས་སྨད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་སྣོད་ཕྱིའི་མངལ་ཕྲལ་བ་དང་བསམ་བསེའུ་ཐུམ་སྐྲན། ཚང་ཁོག་དང་ཚང་ཁོག་གི་དོན་སྣོད་ལ་ནད་འགྱུར་བྱུང་བ། ཚང་ཁོག་གི་རྣག་སྐྲན། ཟླ་མཚན་སྐབས་ཀྱི་ན་ཟུག་སོགས་མོ་ནད་ཀྱི་རིགས་ཡོད་ལ། གཞན་དུ་གཅིན་བསགས་དང་ལྒང་ཚད། མདུན་ཆགས་གཤེར་རྨེན་གྱི་གཉན་ཚད་སོགས་ཀྱང་ཡོད།

གསུས་པའི་གཡོན་སྨད་ཀྱི་ཟུག་གཟེར། དེའི་རྒྱུ་རྐྱེན་ལ་སྣེ་ས་ཁུད་ཀྱི་སྐྲངས་འབུར་དང་ལོང་ག་འཆུས་པ། ཕྲ་སྲིན་རང་བཞིན་གྱི་བཤལ་ནད། ལོང་སྐྲན། གཅིན་སྦུག་གཡོན་མའི་རྡོ་སྐྲན་སོགས་ཡོད།

མི་ལ་ལས་གསུས་པ་ན་བའི་ཚེ་ཉིན་གུང་ཇ་ཞེས་པ་ཐུམ་གཅིག་བསྟེན་པར་བྱེད་ལ། བུད་མེད་རྣམས་ལ་ཟླ་མཚན་གྱི་ཟུག་གཟེར་སྐྱེ་སྐབས་ཟུག་གཅོག་སྨན་བསྟེན་པ་ཡོད། ཟུག་གཅོག་གི་བཅོས་ཐབས་དེ་ལྟར་བསྟེན་ན་ནད་གཞིའི་གནས་ཚུལ་སྒྲིབ་པར་བྱེད་ལ། ནད་གཞི་ངོས་འཛིན་གྱི་དཀའ་ཁག་ཇེ་ཆེར་འགྲོ་བ་ཡིན། ཐ་ན་བཅོས་ཉེན་འབྱུང་བའི་ཉེན་ཁའང་ཡོད། དེ་བས། གསུས་པར་གློ་བུར་དུ་ཟུག་གཟེར་ལངས་ཚེ། སྨན་པར་མ་བསྟེན་པར་གང་འདོད་དུ་ཟུག་གཅོག་སྨན་བསྟེན་མི་རུང་བར། བཟའ་བཏུང་བསྟེན་མཚམས་བཞག་སྟེ་ནད་གཞི་ཇེ་ལྕིར་འགྲོ་བའི་ཉེན་ཁར་གཡོལ་ཐབས་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་སྨན་པར་བསྟེན་དགོས་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།