སྟོན་ཁའི་དུས་སུ་འབྱུང་ཚད་ཅུང་མཐོ་བའི་ནད་རིགས་འགའི་སྔོན་འགོག་བྱེད་ཐབས་སྐོར།
2023.10.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ད་སྐབས་ནམ་ཟླ་སྟོན་མཇུག་ཏུ་ཐོན་ཞིང་ནམ་ཟླར་འགྱུར་ལྡོག་ཅུང་ཆེ་བས། དུས་འདི་ནི་ཆམ་རིམས་དང་། སིབ་བུ། རླུང་འབྲུམ། ཀླད་སྐྱིའི་གཉན་ཚད། གློ་བའི་གཉན་ཚད། ཆུ་འབྲུམ། འགྲམ་རྨེན་གཉན་ཚད་སོགས་འགོས་ནད་སྣ་ཚོགས་འབྱུང་བའི་དུས་ཤིག་ཡིན། དེར་བརྟེན་དུས་སྐབས་འདིར་འགོས་ནད་དེ་དག་འབྱུང་བར་སྔོན་འགོག་གང་ལེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

དང་པོ། ཆམ་རིམས།

ཆམ་རིམས་ནི་ཆམ་རིམས་ཀྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན། ནད་ཐོག་གི་མངོན་ཚུལ་ལྟར་ན། སྤྱིར་ཆམ་རིམས་དེ་མིའི་ལུས་སྟེང་དུ་ཉིན་གཉིས་ནས་གསུམ་ཙམ་ལ་ཕྱིར་མི་མངོན་ཞིང་། དེའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་ནད་དང་ཅུང་འདྲ་མོད། དེ་ལས་ཅུང་ཚབས་ཆེ་སྟེ། གློ་བུར་དུ་གྲང་ཤུམ་བྱེད་པ་དང་། ཚ་ཆེན་པོ་ལངས་པ། མགོ་ན་བ། མགོ་ཡོམ་འཁོར་བ། ལུས་ཡོངས་མི་བདེ་བ། ཐང་ཆད་པ་སོགས་དུག་ཕོག་པའི་ནད་རྟགས་འབྱུང་བར་མ་ཟད། དེ་དང་བསྡོངས་ནས་མིད་པ་ན་བ་དང། ལུ་བ། སྣ་ཆུ་དང་མིག་ཆུ་བཞུར་བ་བཅས་དབུགས་ལམ་གྱི་ནད་རྟགས་སྣ་ཚོགས་འབྱུང་སྲིད། ནད་པ་ལ་ལར་ད་དུང་ཟ་མར་ཡི་ག་མེད་ཅིང་ཁོག་པ་ན་ཞིང་སྐྱུག་རྒྱུ་ཡོང་བ། ཁོག་པ་བཤལ་བ་སོགས་འཇུ་ལམ་གྱི་ནད་རྟགས་ཀྱང་འབྱུང་། དེ་ལས་ཀྱང་ཚབས་ཆེ་བ་ནི་ཆམ་རིམས་དང་བསྡོངས་ནས་གློ་ཚད་དང་ཀླད་ནད། སྙིང་ཤའི་གཉན་ཚད། སྙིང་སྐྱིའི་གཉན་ཚད་སོགས་འབྱུང་སྲིད་ལ། ལྷག་པར་དུ་ལོ་ལོན་དང་ལུས་སྟོབས་ཞན་པའི་མི་ལ་སྙིང་ཁམས་ཁྲག་རྩའི་ནད་དང་དལ་བའི་རང་བཞིན་གྱི་དབུགས་ལམ་གྱི་ནད་རིགས་སོགས་འབྱུང་སྲིད།

ཆམ་རིམས་ཀྱི་འགོ་ལམ་གཙོ་བོ་ནི། ཆམ་རིམས་བྱུང་ཡོད་པའི་ནད་པ་དང་ཆམ་རིམས་འགོས་ཡོད་པའི་ནད་པའི་དབུགས་ལམ་དང་མཆིལ་ཟགས་བརྒྱུད་ནས་ཕན་ཚུན་ལ་བགོ་སྲིད།

ཆམ་རིམས་སྔོན་འགོག་བྱེད་ཐབས་ནི། བྱིས་པ་རྣམས་ལ་ཆམ་རིམས་འགོ་སླ་བས། སྟོན་ཁའི་དུས་འདིར་ལུས་ཕུང་འཁྱག་ཏུ་མི་འཇུག་པར་ལུས་དྲོད་སྲུང་བ་དང་ལུས་ཕུང་སྦྱོང་བརྡར་བཅས་བྱས་ནས་ལུས་ཀྱི་རིམས་འགོག་ནུས་ཤུགས་ཇེ་བརྟན་དུ་གཏོང་དགོས། ཕ་མས་བྱིས་པ་མི་ཚོགས་མང་པོ་འདུ་སར་མི་ཁྲིད་པ་དང་། རབ་ཡིན་ན་བྱིས་པར་སྔ་མོ་ནས་ཆམ་རིམས་ཀྱི་འགོག་སྨན་བརྒྱབ་ན་བཟང་། ཆམ་རིམས་ཕོག་ཡོད་པའི་བྱིས་པར་སྨན་བཅོས་བྱེད་ཞོར་དུ་ངལ་བཟང་པོ་གསོ་རུ་འཇུག་དགོས་པ་དང་། ཆུ་མང་པོ་འཐུང་དུ་འཇུག་པ་བཅས་བྱས་ནས་ཆམ་རིམས་དང་བསྡོངས་ནས་ནད་རིགས་གཞན་པ་འབྱུང་བར་སྔོན་འགོག་བྱེད་དགོས། སྤྱིར་ཆམ་རིམས་དེ་གཟའ་འཁོར་གཅིག་ཡས་མས་འགོར་རྗེས་སངས་དྲག་ཏུ་འགྲོ་ངེས།

གཉིས་པ། སིབ་བུ།

སིབ་ནི་སིབ་བུའི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ཞིང་། དེ་དགུན་དཔྱིད་ཀྱི་དུས་ཚིགས་སུ་འབྱུང་ཚད་མཐོ་བ་དང་འགོ་སླ་བའི་ནད་རིགས་ཅིག་ཡིན་ལ། མིའི་ལུས་སྟེང་དུ་ནད་དེ་འགོས་རྗེས་ཉིན་བཅུ་ཡས་མས་འགོར་ན་ད་གཟོད་ཕྱིར་མངོན་སྲིད།

དེའི་ནད་ཐོག་གི་མངོན་རྟགས་ནི། ཚ་ལངས་པ་དང་། པགས་འབྲུམ་འབྱུང་བ། མིག་གཉིས་དམར་པོར་འགྱུར་བ། མིག་ཆུ་བཞུར་བ། མིག་བརྩེད་པ། སྣ་སྦྲིད་རྒྱག་པ། སྣ་ཆུ་བཞུར་བ། ལུ་བ་བཅས་ཀྱི་ནད་རྟགས་དང་བསྟུན་ནས་ཁའི་ནང་ངོས་སུ་སིབ་འབྲུམ་འབྱུང་བ་ཡིན། དེ་དང་བསྡོངས་ནས་གློ་བའི་གཉན་ཚད་དང་མིད་པའི་གཉན་ཚད། ཀླད་སྐྱིའི་གཉན་ཚད་བཅས་འབྱུང་སྲིད། ཚ་ལངས་ནས་སིབ་འབྲུམ་འབྱུང་རག་བར་དུ་ཉིན་གསུམ་ནས་ལྔ་ཙམ་འགོར་ཞིང་། སིབ་འབྲུམ་དེ་རྣ་རྒྱབ་དང་། སྐྲ་མཚམས། དཔྲལ་བ། ངོ་དང་སྐེ། རྐང་ལག་དང་དེ་ནས་རིམ་གྱིས་ལུས་ཡོངས་སུ་འབུད་ངེས།

ནད་དེའི་འགོ་ལམ་གཙོ་བོ་ནི། སིབ་བུ་བྱུང་ཡོད་པའི་ནད་པའི་མིག་ཆུ་དང་སྣ་ཆུ། ཁ་ཆུ་བཅས་ཀྱི་ནང་དུ་ནད་དུག་ཡོད་པས། དེ་དག་བརྒྱུད་ནས་ཕན་ཚུན་ལ་བགོས་པ་རེད།

ནད་དེ་མི་རྣམས་ལ་ཡོངས་ཁྱབ་ཀྱིས་འགོ་སླ་ཞིང་། བྱིས་པ་རློན་ནུར་འགོ་ཚད་ལྷག་ཏུ་ཆེ། ཡིན་ནའང་ཉེ་བའི་ལོ་འདི་འགར་སིབ་བུའི་འགོག་སྨན་ཁྱབ་གདལ་དུ་གྱུར་ཡོད་པས་སུབ་བུ་བྱུང་བའི་ལོ་ཚོད་ཀྱང་རིམ་གྱིས་རྗེས་སུ་བསྣུར་བཞིན་ཡོད།

སིབ་བུ་སྔོན་འགོག་བྱེད་ཐབས་ནི། དུས་ལྟར་འགོག་སྨན་རྒྱག་པ་དང་། ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པ། ནད་དེ་མཆེད་པའི་དུས་སུ་མི་ཚོགས་མང་པོའི་གྲས་སུ་མི་འགྲོ་བར་ལུས་ཕུང་སྦྱོང་བརྡར་ལ་ཤུགས་བསྣན་ནས་རིམས་འགོག་ནུས་ཤུགས་ཇེ་བརྟན་དུ་གཏོང་དགོས། སིབ་བུ་བྱུང་བའི་བྱིས་པ་ལོགས་སུ་བཀར་ནས་ལྟ་སྐྱོང་བྱས་ཏེ་སིབ་འབྲུམ་བྱུང་ནས་ཉིན་ལྔ་འགོར་རྗེས་ད་གཟོད་འཚོ་བཅུད་ལྡན་པའི་ཟས་ཀྱིས་གསོ་དགོས། དེ་ལ་འཇུ་སླ་བའི་ཟས་རིགས་སྟེར་བ་མ་གཏོགས་སྣུམ་བཅུད་ཆེ་བ་དང་ཁ་ཚ་བའི་རིགས་སྟེར་མི་རུང་།

གསུམ་པ།རླུང་འབྲུམ།

རླུང་འབྲུམ་ནི་རླུང་འབྲུམ་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་རེད། དེའི་ནད་ཐོག་གི་མངོན་ཚུལ་ནི་ཚ་ཅུང་ཙམ་ལངས་པ་དང་། དབུགས་ལམ་སྟོད་མར་གཉན་ཚད་ཅུང་རྒྱས་པ། ལུས་ཡོངས་སུ་མདོག་དམར་པོ་ཅན་གྱི་འབྲུམ་ཐོར་ཆུང་ཆུང་མང་པོ་འབྱུང་བ་དང་། སྐེ་རྨེན་སྐྲངས་པ་བཅས་ཡིན། ཚ་ལངས་ནས་ཉིན་གཅིག་ནས་གཉིས་ཙམ་འགོར་རྗེས་འབྲུམ་ཐོར་འབྱུང་སྲིད། འབྲུམ་ཐོར་དེ་ཐོག་མར་ངོ་གདོང་དུ་འབུད་པ་དང་དེ་ནས་རིམ་གྱིས་ལུས་ཡོངས་སུ་འབུད་ངེས། རླུང་འབྲུམ་དེ་སྤྱིར་དགུན་དཔྱིད་ཀྱི་དུས་ཚིགས་སུ་འབྱུང་བ་དང་ནད་རྟགས་ཅུང་ཡང་ལ། དེ་ལ་གསོ་བཅོས་མ་བྱས་ཀྱང་རང་ཤུགས་ཀྱིས་དྲག་འགྲོ་བ་ཞིག་ཡིན་མོད། གལ་ཏེ་བུད་མེད་ལ་མངལ་སྦྲུམ་པའི་ཐོག་མའི་སྐབས་སུ་རླུང་འབྲུམ་བྱུང་ཚེ། དེས་སྦྲུམ་བུ་ཡ་མ་གཟུགས་སུ་གཏོང་སྲིད།

ནད་དེའི་འགོ་ལམ་གཙོ་བོ་ནི་རླུང་འབྲུམ་བྱུང་ཡོད་པའི་ནད་པའི་དབུགས་ལམ་གྱི་མཆིལ་ཟགས་བརྒྱུད་ནས་ཕན་ཚུན་ལ་བགོ་བཞིན་ཡོད་པར་མ་ཟད། ད་དུང་ཁ་ཆུ་དང་མིག་ཆུ། སྣ་ཆུ་བཅས་བརྒྱུད་ནས་བགོ་བའང་ཡོད།

ནད་དེ་ལོ་གཅིག་ནས་ལྔའི་ནང་གི་བྱིས་པར་འབྱུང་ཚད་མཐོ་ལ། ལོ་གཅིག་ལའང་མ་བུད་པའི་བྱིས་པ་རློན་ནུར་མི་འབྱུང་བ་མ་གཏོགས་ལོ་ཇི་ལྟར་ཆུང་ན་དེ་ལྟར་འབྱུང་ཚད་མཐོ་ལ། མི་དར་མར་སྟེས་དབང་གིས་མཚམས་ལ་ལར་འབྱུང་སྲིད། རླུང་འབྲུམ་གྱི་སློང་རྐྱེན་གཙོ་བོ་ནི་བཟའ་བཏུང་དང་སྨན་རྫས། འབུས་སོ་བཏབ་པའམ་རྒྱུ་ལམ་གྱི་གཞན་བརྟེན་སྲིན་འབུ་སོགས་རྒྱུ་རྐྱེན་དང་འབྲེལ་ཡོད།

རླུང་འབྲུམ་སྔོན་འགོག་བྱེད་ཐབས་ནི་རླུང་འབྲུམ་བྱུང་ཡོད་པའི་ནད་པ་དང་རིང་དུ་བཀྱེད་དགོས་པ་དང་། སྦྲུམ་མ་རྣམས་ཅི་ནུས་ཀྱིས་མི་མང་འདུ་སར་མི་འགྲོ་བར་ལྷན་སྐྱེས་རང་བཞིན་གྱི་རླུང་འབྲུམ་འབྱུང་བར་སྔོན་འགོག་བྱེད་དགོས་ཏེ། བུད་མེད་ལ་མངལ་སྦྲུམ་པའི་ཐོག་མའི་དུས་སུ་རླུང་འབྲུམ་བྱུང་ན། རླུང་འབྲུམ་གྱི་ནད་དུག་དེ་བུ་རོགས་བརྒྱུད་ནས་སྦྲུམ་བུར་བགོས་ནས་ལྷན་སྐྱེས་རང་བཞིན་གྱི་སྦྲུམ་བུ་རླུང་འབྲུམ་ཅན་དུ་གཏོང་སྲིད། སྦྲུམ་བུ་ལ་ལྷན་སྐྱེས་རང་བཞིན་གྱི་རླུང་འབྲུམ་བྱུང་ན་མངལ་དུ་ཤོར་ཉེན་ཆེ་བ་དང་། སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་བ་སོགས་སྣ་ཚོགས་འབྱུང་བས། དེ་བས་རླུང་འབྲུམ་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ནི་རླུང་འབྲུམ་གྱི་འགོག་སྨན་རྒྱག་རྒྱུ་དེ་ཡིན། །

བཞི། མཆེད་གཤིས་ཀླད་སྐྱིའི་གཉན་ཚད།

མཆེད་གཤིས་ཀླད་སྐྱིའི་གཉན་ཚད་ནི་ཀླད་སྐྱིའི་གཉན་ཚད་ཀྱི་ཟླུམ་ཟུང་སྲིན་གཤིས་ཀྱིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ཞིང་། དེས་སྣ་དང་མིད་པ་རེད་པར་བྱེད་པ་དང་། དེ་ནས་ཁྲག་རྒྱུན་གྱི་འཁོར་སྐྱོད་བརྒྱུད་ནས་མཇུག་མཐར་ཀླད་སྐྱིའམ་ཡང་ན་ལུས་ཀྱི་གནས་གཞན་དུ་གཉན་ཚད་རང་བཞིན་གྱིས་གནོད་སྐྱོན་གཏོང་སྲིད། ནད་རིགས་དེ་དགུན་དཔྱིད་ཀྱི་དུས་ཚིགས་སུ་འབྱུང་ཚད་མཐོ་ཞིང་། ནད་དེ་གློ་བུར་དུ་འབྱུང་ཞིང་འགོ་ཚད་མགྱོགས་ལ་ཤི་ཚད་མཐོ་བ་ཞིག་ཡིན།

དེའི་ནད་ཐོག་གི་མངོན་རྟགས་ནི། ནད་དེ་བྱུང་བའི་ཐོག་མའི་ཉིན་གཉིས་ནས་གསུམ་གྱི་ནང་དུ་ལུས་སྟེང་དུ་ཕྱིར་མི་མངོན་ཞིང་། དེ་ནས་དབུགས་ལམ་རེད་པར་འགྱུར་ལ། ནད་པ་མང་ཆེ་བར་ནད་རྟགས་མངོན་གསལ་ཅིག་མེད་པ་དང་། ནད་པ་ལ་ལར་མིད་པ་ན་ཞིང་མིད་པ་དང་སྣའི་ནང་ངོས་དམར་པོར་འགྱུར་བ་དང་ཁ་ཆུ་དང་སྣ་ཆུ་ཇེ་མང་དུ་འགྲོ་སྲིད། སྣའི་གཉན་ཚད་དང་མིད་པའི་གཉན་ཚད། ལྐོག་རྨེན་གཉན་ཚད་བཅས་བྱུང་རྗེས། ནད་པར་གློ་བུར་དུ་གྲང་ཤུམ་བྱེད་ཅིང་ཚ་རྒྱས་ནས་ལུས་ཀྱི་དྲོད་ཚད་ཏུའུ་གྲངས་བཞི་བཅུ་ཙམ་ལ་འབུད་སྲིད་པར་མ་ཟད། མགོ་ན་བ་དང་སྐྱུག་མེར་ཡང་ཡང་ལངས་སྲིད། ཐོག་མའི་དུས་སུ་ད་དུང་ལུས་ཐོག་ཏུ་དམར་ཐིག་འབྱུང་བ་དང་དེ་ནས་སྐབས་འགར་ཁའི་འགྲམ་དུ་ཆུར་འབྲུམ་ཡང་འབུད་སྲིད་ལ། ཁའི་ནང་དང་དཔྲལ་བ། རྣ་བ། བྲང་ཁ། ཡན་ལག སྐྱེ་འཕེལ་དབང་བོ་དང་འཕོངས་གནས་བཅས་སུའང་འབུད་སྲིད་པ་དང་། ཚབས་ཆེ་ན་ཀླད་སྐྱིའི་ཕོག་ཐུག་ནད་རྟགས་ཀྱང་འབྱུང་སྲིད། ཉིན་གཅིག་ནས་གཉིས་ཀྱི་ནང་དུ་ཀླད་སྐྱིའི་གཉན་ཚད་དུ་གྱུར་ཏེ་ཚ་ཆེན་པོ་ལངས་ནས་མར་མི་འབབ་པ་དང་མགོ་དྲག་ཏུ་ན་བ། སྐྱུག་མེར་ཡང་ཡང་ལངས་པ་དང་བསྡོངས་ནས་སྐྲག་སྣང་སྐྱེ་བ་དང་ཐ་ན་དྲན་པའང་ཤོར་སྲིད།

ཀླད་སྐྱིའི་གཉན་ཚད་ཀྱི་འགོ་ལམ་གཙོ་བོ་ནི་ནད་དེ་བྱུང་ཡོད་པའི་ནད་པའི་དབུགས་ལམ་གྱི་མཆིལ་ཟགས་བརྒྱུད་ནས་ཕན་ཚུན་ལ་བགོས་པ་དང་ལྷག་པར་དུ་ལོ་ཆུང་བྱིས་པར་འགོ་ཚད་དེ་བས་ཆེ།

ཀླད་སྐྱིའི་གཉན་ཚད་སྔོན་འགོག་བྱེད་ཐབས་ནི། ཀླད་སྐྱིའི་གཉན་ཚད་ཀྱི་འགོག་སྨན་རྒྱག་རྒྱུ་དེ་ཡིན་ཞིང་། འགོག་སྨན་དེ་ཟླ་བརྒྱད་ནས་ལོ་དྲུག་ལོན་པའི་བྱིས་པར་རྒྱག་དགོས།

ལྔ།གློ་བའི་གཉན་ཚད།

གློ་བའི་གཉན་ཚད་ནི་གློ་ལྦུའི་ཁོག་དང་གློ་ལྦུའི་བར་ཆའི་ཕུང་གྲུབ་འདུས་པའི་མྱུར་བའི་རང་བཞིན་གྱི་གློ་བའི་ངོ་བོ་འགྱུར་བ་ལས་ནད་འགྱུར་བྱུང་བ་ཞིག་རེད། དེ་མང་ཆེ་བ་ནད་དུག་དང་། ནད་འབུས་བསླངས་པ་རེད། བྱིས་པ་རློན་ནུ་དང་དེ་ལས་ཆེ་བའི་བྱིས་པའི་གློ་བའི་གཉན་ཚད་གཙོ་བོའི་ནད་གདོད་གཟུགས་ནི་ནད་དུག་རེད། དེ་ལ་དབུགས་ལམ་གྱི་ནད་དུག་དང་གཤེར་རྨེན་གྱི་ནད་དུག་སོགས་ཡོད་ཅིང་། མི་དར་མའི་ཆེས་རྒྱུན་མཐོང་གི་ནད་རྐྱེན་ནི་ཕྲ་སྲིན་རེད་པ་ལས་བྱུང་བ་རེད།

གློ་བའི་གཉན་ཚད་ཀྱི་འགོ་ལམ་གཙོ་བོ་ནི་ནད་དེ་བྱུང་ཡོད་པའི་ནད་པའི་དབུགས་ལམ་གྱི་མཆིལ་ཟགས་བརྒྱུད་ནས་ཕན་ཚུན་ལ་བགོས་པ་རེད། རྒན་པ་དང་ལུས་སྟོབས་ཞན་པའི་མི་དང་ཡང་ན་དལ་བའི་རང་བཞིན་གྱི་ནད་རིགས་ཏེ་དཔེར་ན་དལ་བའི་རང་བཞིན་གྱི་གློ་ནད་དང་སྙིང་ཁམས་ཁྲག་རྩའི་ནད་རིགས། མཆིན་ནད། གཅིན་སྙི། མཁལ་ནད། མཚེར་བའི་ནུས་པ་ཞན་པའམ་མཚེར་བར་གཤགས་བཅོས་བྱས་ནས་བླངས་ཟིན་པའི་ནད་པ་སོགས་ལ་འགོས་ཚད་ཆེས་མཐོ།

གློ་བའི་གཉན་ཚད་སྔོན་འགོག་བྱེད་ཐབས་ནི། རང་ལུས་དང་ཁོར་ཡུག་ལ་གཙང་སྦྲ་གང་ལེགས་བྱེད་པ་དང་། ཁང་བའི་ནང་དུ་རྒྱུན་པར་རླུང་རྒྱུ་རུ་འཇུག་པ། དགུན་དཔྱིད་ཀྱི་དུས་སུ། ལོ་ལོན་དང་ལུས་སྟོབས་ཞན་པའི་མི་རྣམས་མི་ཚོགས་འདུ་སར་ཅི་ནུས་ཀྱིས་མི་འགྲོ་བ། གཅིན་སྙི་དང་དལ་བའི་རང་བཞིན་གྱི་མཆིན་ནད། མཚེར་བར་གཤགས་བཅོས་བྱས་ནས་བླངས་ཟིན་པའི་མི་བཅས་ཀྱིས་གློ་བའི་གཉན་ཚད་ཀྱི་འགོག་སྨན་རྒྱག་པ། ནད་དེ་དྲག་བཞིན་པའི་སྐབས་སུ་རླུང་དང་ཆར་ནང་ནས་ལུས་ཕུང་འཁྱག་ཏུ་མི་འཇུག་པ་དང་ཆང་མི་འཐུང་བ་བཅས་བྱེད་དགོས།

དྲུགཆུ་ཐོར།

དེ་ནི་ཐག་དབྱིབས་ཆུར་འབྲུམ་ནད་དུག་གིས་བསླངས་པའི་འགོ་ཚད་ཆེས་མཐོ་བའི་མྱུར་བའི་རང་བཞིན་གྱི་འགོ་ནད་ཅིག་རེད། དེའི་ནད་ཐོག་གི་མངོན་རྟགས་ནི་ཉིན་བཅུ་ནས་ཉིན་ཉེར་གསུམ་ཙམ་ལ་ནད་རྟགས་ཕྱིར་མི་མངོན་པ་དང་། དེ་ལ་ནད་རྟགས་ཕྱིར་མི་མངོན་པའི་དུས་དང་ཕྱིར་མངོན་པའི་དུས་བཅས་གཉིས་སུ་བགར་ཆོག ཆུ་ཐོར་དེ་འབྱུང་ཚད་ཅུང་མྱུར་ཞིང་། ཚ་རྒྱས་པ་དང་ཐང་ཆད་པ། ཟ་མའི་ཡི་ག་ཇེ་ཞན་དུ་འགྲོ་བ་སོགས་ནད་རྟགས་འབྱུང་། སྤྱིར་ཉིན་གཅིག་ནས་གཉིས་ཀྱི་ནང་དུ་ཆུ་ཐོར་ལུས་ཡོངས་སུ་འབུད་པ་དང་། ཆུ་ཐོར་དེ་སྤྱིར་ལུས་སུ་འབྲུམ་ཐོར་མང་པོ་རུབ་འདུས་ཀྱིས་འབུད་སྲིད། རིམས་ཐར་ཆད་སྐྱོན་བྱུང་བའི་མི་ལ་ནད་དེ་བྱུང་ཚེ་ནད་རྟགས་ཅུང་ལྗིད་པ་དང་། རྒྱུན་པར་དེ་དང་བསྡོངས་ནས་ནད་རིགས་གཞན་དག་ཀྱང་འབྱུང་སྲིད་དེ། དཔེར་ན། གློ་བའི་གཉན་ཚད་དང་ཆུ་ཐོར་ཀླད་སྐྱིའི་གཉན་ཚད། ཆུ་ཐོར་མཆིན་ཚད་སོགས་ལྟ་བུ། པགས་འབྲུམ་དེ་ཉིན་གཉིས་ནས་གསུམ་ཙམ་འགོར་ན་རིམ་གྱིས་སྐམ་ནས་དྲག་འགྲོ་ལ་རྨ་ཤུལ་ཅི་ཡང་མི་འདུག

ནད་དེའི་འགོ་ལམ་གཙོ་བོ་ནི་ཆུ་ཐོར་བྱུང་ཡོད་པའི་ནད་པའི་ལྭ་བ་དང་སྣོད་ཆས་སོགས་བརྒྱུད་ནས་ཕན་ཚུན་ལ་བགོས་པ་རེད། ཆུ་ཐོར་དེ་མི་ཚང་མར་ཡོངས་ཁྱབ་ཀྱིས་འབྱུང་ཞིང་ལོ་གཉིས་ནས་བཅུའི་བར་གྱི་བྱིས་པར་ལྷག་ཏུ་འབྱུང་ཚད་མཐོ་ལ། ནད་རིགས་དེ་ཐེངས་གཅིག་ལ་བྱུང་རྗེས་ཧ་ལམ་ཡང་བསྐྱར་འབྱུང་མི་སྲིད།

ཆུ་ཐོར་སྔོན་འགོག་བྱེད་ཐབས་ནི། ནད་དེ་བྱུང་ཡོད་པའི་མི་དང་རིང་དུ་བཀྱེད་ནས་འབྲེལ་འདྲིས་མི་བྱེད་པ་དང་ལོ་ཆུང་བྱིས་པར་ཆུ་ཐོར་གྱི་འགོག་སྨན་རྒྱག་རྒྱུ་དེ་ཡིན།

བདུན།འགྲམ་རྨེན་གཉན་ཚད།

འགྲམ་རྨེན་གཉན་ཚད་ནི་འགྲམ་རྨེན་གཉན་ཚད་ཀྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་རེད།

དེའི་ནད་ཐོག་གི་མངོན་རྟགས་ནི། ནད་དེ་འགོས་རྗེས་ཉིན་བཅུ་བཞི་ནས་ཉེར་ལྔའི་བར་ལུས་སྟེང་དུ་ཕྱིར་མི་མངོན་པ་དང་། ནད་པ་ལ་ལར་ཚ་རྒྱས་པ་དང་མགོ་ན་བ། ཟས་ལ་ཡི་ག་མེད་པ་སོགས་སྣང་ཚུལ་འགའ་རེ་འབྱུང་། ནད་དེ་བྱུང་ནས་ཉིན་གཅིག་ནས་གཉིས་ཀྱི་རྗེས་སུ་འགྲམ་རྩ་དང་རྣ་སྟེང་ན་བ་དང་། དེ་ནས་མཆིལ་མའི་རྨེན་རྩ་སྐྲངས་ཞིང་ལུས་ཀྱི་དྲོད་ཚད་ཏུའུ་གྲངས་བཞི་བཅུར་འབུད་སྲིད། འགྲམ་རྨེན་གཉན་ཚད་སྐྲངས་ན་རྣ་ཤལ་དང་དེའི་གཡས་གཡོན་སྐྲངས་ཞིང་ན་ཟུག་ཆེ། མཆིལ་མའི་རྨེན་རྩ་འགག་ཡོད་པས་ཁ་ཟས་སྐྱུར་གྱི་རིགས་ཟོས་ན་ན་ཟུག་ཇེ་ཆེར་འགྲོ་བ་ཡིན། ལྕེའི་འོག་གི་རྨེན་བུ་ཆེར་སྐྲངས་ཡོད་དུས། ལྕེ་འོག་དང་སྐེ་མདུན་སྐྲངས་ནས་ཟས་ཀྱང་མིད་དཀའ། འགྲམ་རྨེན་གཉན་ཚད་ཀྱི་ནད་དུག་གིས་འགྲམ་པའི་རྨེན་བུར་གནོད་པ་བཟོ་བར་མ་ཟད། ད་དུང་ཀླད་སྐྱིའི་གཉན་ཚད་དང་རླིག་འབྲས་ཚ་ནད། བསམ་སེའུ་ཚ་ནད་དང་གཤེར་མའི་ཚ་ནད་བཅས་སློང་སྲིད།

འགྲམ་རྨེན་གཉན་ཚད་ཀྱི་འགོ་ལམ་གཙོ་བོ་ནི། ནད་དེ་བྱུང་ཡོད་པའི་ནད་པའི་དབུགས་དང་མཆིལ་ཟེགས་བརྒྱུད་ནས་ཕན་ཚུན་ལ་བགོ་བཞིན་ཡོད། ནད་དེ་མི་ཚང་མར་འབྱུང་ལ་དེ་ལས་བྱིས་པ་དང་ན་གཞོན་རྣམས་ལ་འབྱུང་ཚད་ཆེས་མཐོ།

འགྲམ་རྨེན་གཉན་ཚད་སྔོན་འགོག་བྱེད་ཐབས་ནི། ཆམ་ནད་འབྱུང་སླ་བའི་བྱིས་པར་དུས་ལྟར་མཆེད་གཤིས་འགྲམ་རྨེན་གཉན་ཚད་ཀྱི་ནད་དུག་འགོག་པའི་འགོག་སྨན་རྒྱག་དགོས། དེ་མིན་ཁྱིམ་གྱི་ཁང་བའི་སྒོ་དང་དྲ་མ་ཕྱེ་ནས་ཁང་བའི་ནང་དུ་རྒྱུན་པར་རླུང་རྒྱུ་རུ་འཇུག་དགོས། བྱིས་པར་འགྲམ་རྨེན་གཉན་ཚད་བྱུང་ན་བདག་སྐྱོང་བཟང་པོ་བྱས་ནས་དེ་དང་བསྡོངས་པའི་ནད་རིགས་གཞན་པ་འབྱུང་བར་སྔོན་འགོག་བྱེད་དགོས། སྨན་པས་མཛུབ་སྟོན་འོག རམས་རྩའི་སྦངས་སྨན་དང་རྩྭ་སྨན་གདུས་ནས་འཐུང་ན་བཟང་བ་དང་། ད་དུང་འགྲམ་རྨེན་གཉན་ཚད་བྱུང་ཡོད་པའི་བྱིས་པ་དྲག་རག་བར་དུ་ལོགས་སུ་བཀར་ནས་འཇོག་དགོས། གལ་ཏེ་འགྲམ་རྨེན་གཉན་ཚད་བྱུང་ཡོད་པའི་བྱིས་པར་ཚ་རྒྱས་ནས་ཡུན་རིང་མར་མི་འབབ་པ་དང་། མགོ་ན་བ། སྐྱུག་རྒྱུ་ཡོང་བ། རྩ་ཆུ་བཏང་བ་རྒྱུན་ལྡན་མིན་པ་དང་ཁོག་པ་ན་བ་སོགས་ཀྱི་གནས་ཚུལ་བྱུང་ན། དུས་ཐོག་ཏུ་སྨན་པར་བསྟན་ནས་ནད་དེ་དང་བསྡོངས་པའི་ཀླད་སྐྱིའི་གཉན་ཚད་དང་གཤེར་མའི་གཉན་ཚད། མཁལ་མའི་ཚ་ནད་སོགས་བྱུང་ཡོད་མེད་ལ་བརྟག་ནས་དེ་དང་མཐུན་པའི་གསོ་བཅོས་བྱ་དགོས། དེ་ལྟར་དུས་ཐོག་ཏུ་གསོ་བཅོས་བྱས་ན་བྱིས་པ་མང་ཆེ་བ་སངས་དྲག་ཏུ་འགྲོ་ཐུབ། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།