བྱིས་པར་ཀལ་སྨན་མི་འདང་བའི་གནོད་པའི་སྐོར།
2023.10.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱིས་པར་ཀལ་སྨན་མི་འདང་བའི་གནོད་པ་ནི་ཁྱིམ་བདག་རྣམས་ཀྱིས་གསལ་བོར་ཤེས་དགོས་ཏེ། དཔེར་ན་བྱིས་པར་ཀལ་སྨན་མ་འདང་ན་རུས་སྙིའི་ནད་དང་སྒུར་བོའི་ནད། རིམས་འགོག་མ་ལག་དང་རིག་སྟོབས་རྒྱས་པར་གནོད་པ་ཐེབས་ནས་ལུས་སྟོབས་ཉམས་ཤིང་ནད་མང་བ་སོགས་སུ་འགྱུར་བ་ཡིན།

དེས་ན་བྱིས་པར་ཀལ་སྨན་འདང་ཡོད་མེད་ཇི་ལྟར་ཤེས་དགོས་ཤེ་ན། ཕྱི་ཚུལ་ནས་བལྟས་ན་ནད་རྟགས་ཅུང་ཙམ་ཡོད་དེ། དཔེར་ན། བྱིས་པར་མཚན་མོར་སྐྲག་སྣང་སྐྱེས་པ་དང་སྣ་སྦྲིད་རྒྱག་པ། རྔུལ་ཆུ་མང་བ། སེམས་འཚབ་ཅིང་སུན་སྣང་སྐྱེ་བ། མགོ་རུས་གྲུ་བཞི་ཡིན་པ། སྐྲ་ཉུང་བ། རྩིབ་རུས་ཕྱིར་འབུར་བ། བྲང་འབུར། སོ་སྐྱེ་འཕྱི་བ་དང་འགྲོ་འཕྱི་བ། སྒྱིད་པ་གུག་ཅིང་ཉྭ་གོར་ཡིན་པ། འཚར་སྐྱེས་འབྱུང་ཚད་དལ་བ། རྩ་འཁུམས་ཤིང་རུས་ཚིགས་ན་བ། འོ་མའི་རིགས་དང་འོ་རྫས་ཟས་རིགས་ཟ་མི་འདོད་པ་སོགས་འབྱུང་བ་ཡིན།

ཀྲུང་གོའི་མ་བུ་བདེ་སྲུང་མཐུན་ཚོགས་ཀྱི་ཆེད་མཁས་པས་བཤད་པ་ལྟར་ན། “བྱིས་པར་ཀལ་འདང་ཡོད་མེད་ལ་གཤམ་གྱི་ཕྱོགས་འགའི་ཐད་ནས་བརྟག་ཆོག་སྟེ། བྱིས་པར་རྔུལ་སླ་ཞིང་རྔུལ་ཆུ་མང་ལ། རྔུལ་ཆུ་དེ་ཚ་དྲོད་དང་འབྲེལ་བ་མེད་པ། ལྷག་པར་གཉིད་རྗེས་མགོ་ནས་རྔུལ་ཆུ་བཞུར་ཞིང་། བྱིས་པས་སྔས་མགོའི་ཐོག་ཕུར་ཕུར་བྱེད་པ་ལས་ཀླད་པའི་སྐྲ་རྣམས་སངས་པར་འགྱུར་བ། སུན་སྣང་སྐྱེས་ཤིང་ཁོར་ཡུག་ལ་སྤྲོ་སྣང་མེད་པ། སྐབས་རེར་ཁྱིམ་བདག་གིས་བྱིས་པ་སྔར་ལྟར་བློ་རིག་གྲུང་བོ་མིན་པ་བཅས་ཤེས་ཐུབ། མཚན་མོར་སྐྲག་སྣང་སྐྱེས་ནས་གཉིད་ལས་སད་པ་དང་ངུ་མཚམས་མི་འཇོག་པ། ལོ་གཅིག་ལོན་པའི་བྱིས་པར་སོ་སྐྱེ་འཕྱི་བ་དང་བྱིས་པ་ལ་ལ་ལོ་གཅིག་དང་ཕྱེད་ཀ་འགོར་ཡང་ད་དུང་སོ་མི་སྐྱེ་ལ། མདུན་སོ་བར་ཆད་ནས་རུབ་འཕྱི་ཞིང་ལོ་གཅིག་དང་ཕྱེད་ཀ་འགོར་རུང་ད་དུང་མདུན་སོའི་སྲུབ་ཀ་རུབ་མི་ཐུབ། དཔྲལ་རུས་འབུར་ཞིང་མགོ་བོ་གྲུ་བཞི་ཡིན་པ། རྒྱུན་དུ་རྩིབ་རུས་ཕྲེང་བ་ལྟར་ཡོད་པ་དང་། འཚོ་བཅུདDམི་འདང་བའི་དབང་གིས་རྩིབ་རུས་སྙི་མོར་ཆགས་ནས། རྩིབ་རུས་སོ་སོའི་རུས་སྙི་ཕན་ཚུན་འབྲེལ་བས་ཕྲེང་བའི་དབྱིབས་དང་འདྲ་ཞིང་། རྒྱུན་དུ་གློ་བ་མནན་ནས་བྱིས་པས་དབུགས་ལེན་དཀའ་བས། དབུགས་ལམ་གཉན་ཚད་དང་གློ་བའི་གཉན་ཚད་འབྱུང་སླ་བ་ཡིན། ”

སློབ་ལོ་རན་པའི་བྱིས་པ་སྟེ། སློབ་ཆུང་གི་སློབ་མ་དང་དེ་ནས་སློབ་འབྲིང་གི་སློབ་མ་རྣམས་ལ་མཚོན་ན། སྐབས་འདི་ནི་རུས་པ་རྒྱས་ཤིང་ལུས་པོ་འཚར་སྐྱེ་འབྱུང་ཚད་ཆེས་མགྱོགས་པའི་དུས་ཡིན་ལ། མིའི་ལུས་པོའི་རུས་པའི་བརྒྱ་ཆའི་ལྔ་བཅུ་ཙམ་དུས་སྐབས་འདི་ལ་རྒྱས་བཞིན་ཡོད་པས། མིའི་ལུས་སྟེང་དུ་ཀལ་རྒྱུ་ཆེས་མཁོ་བའི་དུས་ཡིན། གལ་ཏེ་དུས་སྐབས་འདི་ལ་ཉིན་རེ་བཞིན་ཀལ་འདང་ངེས་ཤིག་ཁག་ཐེག་བྱས་ན། རུས་པ་དང་དོན་སྣོད། ཀླད་པ་བཅས་འཚར་སྐྱེ་ལེགས་པོ་འབྱུང་ཐུབ་ཅིང་། གཟུགས་སྐྱེ་བ་དང་ལུས་ཀྱི་ལྗིད་ཚད་ཇེ་མཐོར་འགྲོ་བར་ཕན་པ་ཆེན་པོ་ཡོད།

དེར་མ་ཟད་ཆེད་མཁས་པས་ཆེད་དུ་དྲན་སྐུལ་གཏོང་བཞིན་པ་ནི། བྱིས་པ་ལག་ཆགས་པའི་དུས་སུ་ལུས་སྟེང་ཀལ་མཁོ་ཚད་མང་བས། གལ་ཏེ་དུས་སྐབས་འདིར་ཀལ་སྨན་མ་འདང་ཚེ། བྱིས་པའི་རུས་པ་རིང་པོར་སྐྱེ་བ་ལས་སྦོམ་པོར་ཡོང་བའི་དགོས་མཁོ་བསྐང་མི་ཐུབ་པས། ཀལ་སྨན་མ་འདང་བའི་བྱིས་པ་དེ་ཤིན་ཏུ་སྐམ་པོ་ཡིན་ལ། རྐང་ལག་ཕྲ་ཞིང་ལུས་སྟོབས་ཞན་པར་འགྱུར། དེའི་ཕྱིར། གཟུགས་སྐྱེ་ཚད་མགྱོགས་ལ་གཟུགས་རིང་བའི་བྱིས་པར་ལྷག་པར་དུ་ཀལ་འདང་ངེས་ཤིག་ཁ་གསབ་བྱས་ན། ད་གཟོད་རུས་པ་སྲ་ཞིང་སྦོམ་པོ་ཆགས་ཐུབ།

ཀྲུང་གོའི་མ་བུ་བདེ་སྲུང་མཐུན་ཚོགས་ཀྱིས་དེའི་མཉམ་དུ་བསྒྲགས་དོན། ཀལ་སྔ་མོ་ནས་ཁ་གསབ་བྱེད་པ་ལས་འཕྱི་མི་རུང་བ་དང་། བྱིས་པའི་དུས་དང་ལང་ཚོའི་དུས། དར་མའི་དུས་བཅས་སུ་ཀལ་འདང་ངེས་ཤིག་བསྡུ་ལེན་བྱས་ན། དར་མའི་དུས་སུ་སྤུས་ཚད་ཅུང་མཐོ་བའི་རུས་གཞི་འཛོམས་ཐུབ་པས། ནར་སོན་རྗེས་རུས་སོབ་དང་རུས་ཆག་ཏུ་འགྱུར་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ། དུས་ཐོག་ཏུ་བྱིས་པར་ཀལ་ཁ་གསབ་བྱས་ན་བྱིས་པའི་རུས་པ་དང་སོ་སྐྱེ་བ། གཟུགས་སྐྱེ་བར་ཕན་ཐོགས་འབྱུང་ཐུབ། དེར་མ་ཟད་བྱིས་པའི་སྒུར་ནད་དང་རྐང་ལག་རྩ་འཁུམ་འབྱུང་བའི་ནད་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ།

འོ་ན་དུས་ནམ་ཞིག་ལ་བྱིས་པར་ཀལ་ཁ་གསབ་བྱ་དགོས་ཤེ་ན། ཆེད་མཁས་པས་གནས་ཚུལ་མི་འདྲ་བ་འགའ་གསུངས་ཡོད་དེ། “ལོ་གཉིས་མན་གྱི་བྱིས་པས་འགུལ་སྐྱོད་བྱེད་ཚད་ཉུང་ཞིང་གཟུགས་སྐྱེ་བ་མགྱོགས་པས་ཀལ་མི་འདང་བ་དང་། བྱིས་པ་ཟླ་མ་ལོངས་པར་སྐྱེ་བ་དང་མཚེ་མ། དགུན་ཁར་སྐྱེས་པའི་བྱིས་པ་རྣམས་བྱིས་པ་གཞན་དང་བསྡུར་ན། ཀལ་སྨན་མི་འདང་བ་ཡིན། གཟུགས་སྐྱེ་དལ་བ་དང་ཕ་མ་གཉིས་ཀ་གཟུགས་ཐུང་བའི་བྱིས་པར་ཀལ་ཁ་གསབ་བྱེད་པར་ཡིད་འཇོག་བྱས་ནས་བྱིས་པའི་རུས་པ་སྐྱེ་བར་སྐུལ་འདེད་བྱ་དགོས། བྱིས་པའི་གཟུགས་གློ་བུར་དུ་སྐྱེ་བའི་དུས་སུ་ཀལ་འོས་འཚམས་ཀྱིས་ཁ་གསབ་བྱ་དགོས། བྱིས་པའི་སོ་སྐྱེ་བ་དང་སོ་བརྗེ་བའི་དུས་སུ་ཀལ་ཁ་གསབ་བྱས་ན་བྱིས་པའི་སོ་བདེ་ཐང་ངང་སྐྱེ་ཐུབ། ཟ་མར་ཁ་འདེམ་ཆེ་བ་དང་ཡི་ག་མེད་པ། ཟས་ཀྱི་འཇུ་སྟོབས་མི་བཟང་ཞིང་། ཟས་ཀྱི་འཚོ་བཅུད་འོས་འཚམས་མིན་པ། འོ་མའི་རིགས་དང་འོ་རྗས་ཟས་རིགས་ཟ་འདོད་མེད་པའི་བྱིས་པར་ཀལ་མི་འདང་བ་ཡིན། འཚོ་བཅུད་ཀྱི་ཆ་རྐྱེན་བཟང་ཤོས་ཏེ་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའི་བྱིས་པར་ཀལ་མཁོ་ཚད་དེ་བྱིས་པ་ཕལ་བ་དག་ལས་མང་བ་ཡིན།”

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

                                                                                      ཡིག་སྒྱུར་བ། འབྲུག་མོ།