བྱིས་པར་སྒལ་ཚིགས་འཁྱོག་པའི་ནད་འབྱུང་བར་དོགས་ཟོན་བྱེད་དགོས།
2023.10.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གལ་ཏེ་བྱིས་པའི་སྡོད་སྟངས་ཡང་དག་མིན་པའམ་ཕྲག་པ་གཉིས་ཀར་མཐོ་དམན་ཤོར་བ། མར་སྒུར་དུས་སྒལ་གཞུང་གཞོགས་གཅིག་ཏུ་བསྲིངས་བ་བཅས་ཚང་མར་དོ་སྣང་བྱེད་དགོས་ཏེ། དེ་དག་ཡོད་ཚད་ནི་སྒལ་ཚིགས་འཁྱོག་པའི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན།

སྒལ་ཚིགས་འཁྱོག་པ་དེ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ཞིང་ལང་ཚོ་སྨིན་པའི་དུས་སུ་འབྱུང་ཚད་མཐོ། སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར་རང་རྒྱལ་དུ་ཧ་ལམ་ན་གཞོན་ལོ་ཆུང་ཁྲོད་སྒལ་ཚིགས་འཁྱོག་པའི་ནད་པ་སུམ་བརྒྱ་ལྷག་ཡོད་པ་རེད། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་བྱེད་པ་དང་བྱེད་ཐབས་ཡང་དག་ཡིན་ཚེ། ནད་པ་མང་པོ་ཞིག་ལ་གཤགས་བཅོས་བྱེད་མི་དགོས། དེ་བས་ན་གཞོན་ལོ་ཆུང་རྣམས་ཀྱིས་སྒལ་ཚིགས་འཁྱོག་པར་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་དགོས།

སྒལ་ཚིགས་འཁྱོག་པ་དེ་བྱིས་པའི་དཔེ་ཁུག་གི་ཡང་ལྕི་དང་འབྲེལ་བ་ཆེར་མེད།

སྒལ་ཚིགས་འཁྱོག་པར་ལྷན་སྐྱེས་རང་བཞིན་དང་དམིགས་འབྱུང་རང་བཞིན། དབང་རྩའི་ཤ་གནད་རང་བཞིན། བྱེད་ལས་རང་བཞིན་དང་ནད་རིགས་གཞན་པ་དང་བསྡོངས་པའི་སྒལ་ཚིགས་འཁྱོག་པ་སོགས་དབྱེ་བ་མང་པོ་ཡོད། མིག་སྔར་ད་དུང་ནད་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་མོད། ནད་དེ་རྒྱུད་འདེད་རྒྱུ་རྐྱེན་དང་། སྐུལ་རྩིའི་ཆུ་ཚད། དབང་རྩའི་རྒྱུ་རྐྱེན་སོགས་དང་འབྲེལ་བ་ཡོད་པར་མ་ཟད། དངོས་པོ་ལྗིད་མོ་ཡར་འཇོག་མར་ལེན་བྱེད་པའམ་ལུས་སྦྱོང་དྲག་པོ་བྱས་པ་སོགས་དང་འབྲེལ་བ་མེད་པར་སྙམ། ཁྱིམ་བདག་མང་པོས་རང་གི་བྱིས་པའི་སྒལ་ཚིགས་འཁྱོག་པ་དེ་ཡར་ལངས་སྟངས་དང་མར་འདུག་སྟངས། དཔེ་ཁུག་གི་ཡང་ལྕི་བཅས་དང་འབྲེལ་བ་ཡོད་པར་འདོད་ཀྱིན་ཡོད། དོན་དངོས་སུ་སྒལ་ཚིགས་འཁྱོག་པ་དེ་གོང་གི་དེ་དག་དང་འབྲེལ་བ་ཆེར་མེད།

སྒལ་ཚིགས་འཁྱོག་པ་དེས་རྒྱུན་པར་བྱིས་པའི་ལུས་ཁམས་དང་སེམས་ཁམས་གཉིས་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། སྒལ་ཚིགས་རང་སྟེང་ནས་བཤད་ནའང་གཞོགས་གཅིག་ཏུ་འཁྱོག་པ་དེས་སྒལ་ཚིགས་ཀྱི་འཚར་སྐྱེ་དོ་མི་སྙོམས་པར་བྱེད་པ་དང་གཟུགས་གཞིར་ཤུགས་རྐྱེན་ཐེབས་ནས་ལུས་པོར་གཡོ་གཟུར་ཤོར་བ་དང་ཕྲག་པར་མཐོ་དམའ་ཤོར་བ་སོགས་བཟོ་སྲིད། སྒལ་ཚིགས་འཁྱོག་པ་ཚབས་ཆེ་ན་ད་དུང་རྒྱུངས་པ་དང་དབང་རྩ་མནན་ནས་དབང་རྩའི་བྱེད་ལས་ལ་གནོད་པ་བསྐྱལ་སྲིད་པ་དང་། གློ་སྙིང་གི་བྱེད་ལས་ལ་འགལ་རྐྱེན་བཟོ་སྲིད་པར་མ་ཟད། ཐ་ན་ཞ་བོར་འགྱུར་བ་དང་གློ་སྙིང་གི་བྱེད་ལས་ཉམས་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད།

སྒལ་ཚིགས་འཁྱོག་པ་དེས་ད་དུང་བྱིས་པའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཟོ་སྲིད་དེ། བྱིས་པ་མང་ཆེ་བ་སྐད་ཆ་བཤད་རྒྱུར་མི་དགའ་བ་དང་། མི་ཆ་མེད་དང་འཕྲད་ཚེ་མགོ་བོ་སྒུར་ཅིང་དོགས་མི་བདེ་བའི་སྣང་བ་སྐྱེས་བཞིན་ཡོད། གལ་ཏེ་དུས་ལྟར་གསོ་བཅོས་བྱེད་མ་ཐུབ་ཚེ། ཅུང་ཚབས་ཆེ་བའི་ན་གཞོན་ལོ་ཆུང་གི་ནད་པ་མང་ཤོས་ཤིག་གིས་སློབ་མཚམས་བཞག་ནས་ཕྱིར་ཡུལ་དུ་ལོག་པ་དང་ཡང་ན་སྤྱི་ཚོགས་སྟེང་དུ་སོང་རྗེས་འོས་འཚམས་ཀྱི་བྱ་བར་བསྙེགས་དཀའ་བ་དང་བློར་འབབ་པའི་ཟླ་བོ་ཞིག་བཙལ་དཀའ་བའི་གནས་ཚུལ་འབྱུང་བཞིན་ཡོད།

ན་གཞོན་ལོ་ཆུང་ལ་ནད་རྟགས་གང་དག་ཡོད་ཚེ་ད་གཟོད་སྒལ་ཚིགས་འཁྱོག་པའི་ནད་བྱུང་བ་ཡིན་ནམ།

སྒལ་ཚིགས་འཁྱོག་པ་ཅུང་མངོན་གསལ་ཡིན་པའི་ན་གཞོན་ལོ་ཆུང་གི་ནད་པ་རྣམས་ཡར་ལངས་ནས་སྡོད་དུས་ལུས་པོ་གསེག་ཡོད་པ་དང་། ཕྲག་པ་གཉིས་ཀར་མཐོ་དམའ་ཡོད་པ། མར་སྒུར་དུས་སྐེད་པའི་གཞོགས་གཉིས་དྲང་མོ་མིན་པ་དང་བྲང་ཁའི་གཞོགས་གཅིག་ལ་ལྟེབ་གཉེར་ཤོར་བ་སོགས་ཀྱི་རྟགས་ཡོད་པ་ཡིན། མཉམ་འཇོག་དགོས་པ་ཞིག་ལ། ནད་པ་མང་ཆེ་བར་ལང་ཚོ་སྨིན་དུས་སྒལ་ཚིགས་འཁྱོག་པའི་ནད་འབྱུང་བ་ཡིན་ལ། ལོ་ཚོད་འདིའི་སྐབས་ཀྱི་བྱིས་པ་རྣམས་ཀྱིས་ལུས་ཕུང་བཀྲུ་སྐབས་དང་ལྭ་བ་བརྗེ་སྐབས་ཁྱིམ་བདག་དང་གཡོལ་ཐབས་བྱེད་པས་ཁྱིམ་བདག་མང་པོས་མཉམ་མི་འཇོག་པ་རེད། དེ་ལས་གཞན། སྒལ་ཚིགས་འཁྱོག་པའི་ཕོ་མོའི་བསྡུར་ཚད་ནི 1:7ཡིན་པས། ལང་ཚོ་སྨིན་བཞིན་པའི་བུ་མོ་གཞོན་ནུ་མ་དང་དེའི་ཁྱིམ་བདག་ཚོས་དོ་སྣང་ཆེན་པོ་བྱེད་འོས།

ན་གཞོན་ལོ་ཆུང་གི་སྒལ་ཚིགས་འབུར་བའི་ནད་དེ་སྔ་མོ་ནས་ཤེས་འདོད་ན། དུས་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། སྒལ་ཚིགས་འཁྱོག་པའི་ནད་པར་ཆེས་སྟབས་བདེ་བའི་ཐོག་མའི་བརྟག་དཔྱད་བྱེད་ཐབས་ནི། སྐེད་པ་མདུན་ཕྱོགས་སུ་བསྲིངས་བའི་ཚོད་ལྟའི་ཐབས་དེ་ཡིན། ནད་པའི་སྟོད་ལྭ་ཕུད་དེ་རྐང་བ་གཉིས་དྲང་མོར་བསྡད་ནས་ལག་གཉིས་མར་བསྲིངས་ནས་ཁོག་སྟོད་ཅུང་མར་སྒུར་ཚེ། གཞོགས་གཉིས་ཀྱི་རྐེད་པའི་གནས་ལ་མཐོ་དམའ་ཤོར་ཡོད་ན་སྒལ་ཚིགས་འཁྱོག་པའི་རྟགས་ཡིན། དེ་བས་ནད་རྟགས་དེ་ཡོད་ཚེ་སྨན་ཁང་དུ་སོང་ནས་ཞིབ་ཏུ་བརྟག་དཔྱད་བྱེད་དགོས་ཤིང་། སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་དགོས་ལ། དེ་ལས་ལྡོག་སྟེ་སྐེད་པར་འཕུར་མཉེད་དང་སྒལ་ཚིགས་དྲང་བཅོས་ཀྱི་འཕྲུལ་ཆས་སོགས་བཀོལ་ན་སྨན་བཅོས་ཀྱི་ཕན་ཐོགས་མེད་པར་མ་ཟད། ནད་བབ་འགོར་འགྱངས་སུ་གཏོང་སྲིད་པ་ཡིན།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།