དྲེག་གྲུམ་སྔོན་འགོག་བྱེད་དགོས་ན་འཚོ་བའི་གོམས་གཤིས་བསྒྱུར་དགོས།
2023.10.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དྲེག་གྲུམ་ནི་ཚ་གདུག་ཧ་ཅང་ཆེ་བའི་དབྱར་ཁར་འཕར་སླ། རྒྱུ་མཚན་ནི་ཚ་གདུག་ཆེ་བའི་དབྱར་ཁར་མི་རྣམས་ཀྱིས་ལམ་འགྲམ་གྱི་བསྲེག་ཟས་ཁང་ནས་མཚོ་ཟས་ཟ་ཞོར་ཝུ་ཆང་འཐུང་རྒྱུར་དགའ་བས།འཚོ་བའི་གོམས་གཤིས་དེ་དག་གིས་དྲེག་གྲུམ་གྱི་འཕར་ཚད་ཇེ་མཐོར་བཏང་བ་རེད།

ཚ་གདུག་ཆེ་བའི་དབྱར་ཁར་དྲེག་གྲུམ་གྱི་འབྱུང་ཚད་མཐོ་བའི་རྒྱུ་མཚན།

ཚ་གདུག་ཆེ་བའི་དབྱར་ཁར་དྲེག་གྲུམ་གྱི་འབྱུང་ཚད་མཐོ་བའི་རྒྱུ་མཚན་ནི་གཙོ་བོ་འཚོ་བའི་གོམས་གཤིས་མི་ལེགས་པ་དང་འབྲེལ་བ་ཡོད།

གཅིག ཕིའོ་ལིན(嘌呤)མཐོ་བའི་ཟས་རིགས་བཟའ་བ། སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས་སོགས་ནི་ཕིའོ་ལིན་མཐོ་བའི་ཟས་རིགས་སུ་གཏོགས། མི་རྣམས་ཀྱིས་ཝུ་ཆང་མཐུང་ཞོར་བསྲེག་ཟས་ཟ་བའི་སྐབས་སུ་གཅིན་སྐྱུར་གྱི་གར་ཚད་མྱུར་དུ་ཇེ་མཐོར་སོང་ནས་དྲེག་གྲུམ་སློང་བ་རེད།

གཉིས། སྐོམ་ཆུ་འཐུང་རྒྱུར་དགའ་བ། ཁུ་ནག་དང་སིལ་ཁུ། འོ་ཇ་སོགས་ནི་ཕིའོ་ལིན་མཐོ་བའི་ཟས་རིགས་ཀྱི་ཁོངས་སུ་མི་གཏོགས་ནའང་། སྐོམ་ཆུ་མང་ཆེ་ཤས་ཀྱི་ནང་དུ་ཀ་ར་མང་པོ་འདུས་ཡོད།《དབྱིན་ཇིའི་གསོ་རིག་དུས་དེབ》སྟེང་དུ་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཀ་ར་མང་པོ་འདུས་པའི་སྐོམ་ཆུ་འཐུང་བ་དང་དྲེག་གྲུམ་འཕར་བའི་བར་འབྲེལ་བ་དམ་པོ་ཡོད། ཀ་རས་ཡི་ག་འབྱེད་པར་མ་ཟད་ཤན་གླིང་རྒྱུ་དང་ཤ་སྐམ་རྒྱུ་ཡི་སྙོམས་སྒྲིག་མི་ཐེབས་པས། ཟ་མ་ཟ་བའི་སྐབས་སུ་རྒྱགས་སྣང་མེད་པ་རེད།

སྐོམ་ཆུ་ལས་གཞན་ད་རུང་སིལ་ཏོག་ཨ་མྲ་དང་ལི་ཀྲི། ཧ་སྨི་ཀྭ། ཆུ་ཀུབ། མངར་ཀུབ་སོགས་ཀྱི་ནང་དུ་ཀ་རའི་འདུས་ཚད་ཧ་ཐང་མཐོ་ལ། ཚ་ལུ་མ་དང་ཁམ་བུ། ལི་ཙི་སོགས་ཀྱི་ནང་དུ་བུར་ཤིང་འདུས་ཚད་མཐོ། བུར་ཤིང་དབྱེ་ཕྲལ་བརྗེ་ཚབ་བྱས་རྗེས་ཕྱེད་ཀ་ཞིག་ཀ་རར་འགྱུར་བཞིན་ཡོད་པས།ཚང་མས་མཉམ་འཇོག་ལེགས་པོ་བྱེད་དགོས།

དྲོད་སྙོམས་འཕྲུལ་ཆས་ཀྱི་མདུན་དུ་འདུག་ཡུན་རིང་བ། གཅིན་སྐྱུར་ཚྭ་དེ་དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་སྔར་ལས་སོ་སོར་དགར་སླ་བ་དང་། ཚིགས་མོའི་མཐའ་འཁོར་དུ་བསགས་ཏེ་གྲུམ་ནད་སློང་བ་རེད། དྲོད་སྙོམས་འཕྲུལ་ཆས་ཀྱི་དྲོད་ཚད་དམའ་དྲག་པ་དང་ཡང་ན་དྲོད་སྙོམས་འཕྲུལ་ཆས་ཀྱི་མདུན་དུ་གཏུག་དྲག་ན་དྲེག་གྲུམ་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་སྲིད།

དྲེག་གྲུམ་འགོག་དགོས་ན་འཚོ་བའི་གོམས་སྲོལ་ལ་མཉམ་འཇོག་དགོས།

དྲེག་གྲུམ་སྔོན་འགོག་བྱེད་དགོས་ན་འཚོ་བའི་གོམས་སྲོལ་བསྒྱུར་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

ཕིའོ་ལིན་དམའ་བའི་ཟས་རིགས་མིབཟའ་བ། སྲོག་ཆགས་ཀྱི་ནང་ཁྲོལ་དང་ཤ་མོ། རྒྱ་ཁོག་གི་ཁུ་བ། ཝུ་ཆང་། ཆུ་འབུ་གློ་ཉལ་སོགས་ནི་ཕིའོ་ལིན་ཤིན་ཏུ་མཐོ་བའི་ཟས་རིགས་སུ་གཏོགས་པ་དང་། སྲན་རིགས་དང་ཁྱིམ་བྱའི་ཤ། སྡིག་སྲིན་སོགས་ནི་ཕིའོ་ལིན་འདུས་ཚད་འབྲིང་ཙམ་གྱི་ཟས་རིགས་ཡིན་ལ། སྒོ་ང་དང་གཙོ་ཟས་ཀྱི་རིགས། སྔོ་ཚོད་མང་ཆེ་ཤས། ཅོག་ལེབ། ཅང་ཡིའུ། འོ་མ་སོགས་ནི་ཕིའོ་ལིན་འདུས་ཚད་དམའ་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས།

ཆུ་མང་དུ་འཐུང་བ། དབྱར་ཁར་ཚ་གདུག་ཆེ་བས། ཆུ་མང་དུ་འཐུང་ན་ཚ་གདུག་སེལ་བ་དང་སྐོམ་སོད་པར་མ་ཟད། གཅིན་སྐྱུར་དེ་མཁལ་མ་ལས་ཕྱིར་ཕུད་པར་སྐུལ་འདེད་གཏོང་ཐུབ། མཁལ་མའི་ནད་དང་སྙིང་གི་བྱེད་ནུས་ཉམས་པ་སོགས་ཀྱི་ནད་རིགས་མེད་པའི་གནས་ཚུལ་འོག ཉིན་རེར་ཆུ་ཧྲེང2ཡས་མས་ཤིག་འཐུང་དགོས།

ཆང་གཅོད་པ། ཆང་བཅུད་ཀྱིས་གཅིན་སྐྱུར་ཕྱིར་ཕུད་པར་བཀག་འགོག་ཐེབས་པ་རེད། དེ་བས་ཝུ་ཆང་དང་ཆང་དཀར། རྒུན་ཆང་གང་ཞིག་ཡིན་རུང་ཚང་མས་ཉུང་འཐུང་བྱེད་དགོས།

དུས་ཡུན་རིང་པོར་དྲོད་སྙོམས་འཕྲུལ་ཆས་ཀྱི་གམ་དུ་མི་འདུག་པ། དྲོད་སྙོམས་འཕྲུལ་ཆས་ཡོད་པའི་ཁང་པའི་ནང་དུ་འདུག་ཡུན་མི་རིང་བ་དང་། དྲོད་སྙོམས་འཕྲུལ་ཆས་ཀྱི་རླུང་བུ་ཐད་ཀར་ལུས་སྟེང་དུ་མི་ཕོག་པར་བྱེད་དགོས། དྲོད་སྙོམས་འཕྲུལ་ཆས་ཀྱི་དྲོད་ཚད་དམའ་དྲག་མི་རུང་བར། ཕལ་ཆེར་ཏུའུ26ནས27བར་རྒྱུན་སྲུང་ཅི་ཐུབ་བྱེད་དགོས། སྡོད་ཁང་གི་ནང་དང་ཕྱི་རོལ་གྱི་དྲོད་ཚད་ལ་ཁྱད་པར་ཆེན་པོ་ཡོད་མི་རུང་། གལ་ཏེ་དྲོད་སྙོམས་འཕྲུལ་ཆས་ཡོད་པའི་སྡོད་ཁང་ནས་ཕྱིར་འབུད་སྐབས། དུས་ཚོད་ཕྱེད་ཀའི་སྔོན་ལ་དྲོད་སྙོམས་འཕྲུལ་ཆས་ཀྱི་ཁ་རྒྱག་དགོས། །

རྩོམ་སྒྲིག་པ། འབྲུག་མོ།