བུད་མེད་ཀྱི་བདེ་ཐང་འཚོ་བའི་རྒྱུན་ཤེས་འགའ།
2023.10.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བུད་མེད་ཚོས་རྒྱུན་པར་སྐྱེ་བ་མོ་ལུས་བླངས་ན་དཀའ་ཚུལ་བརྗོད་ཀྱིན་ཡོད། དེ་ཡང་བདེན་ཏེ། བུད་མེད་ཞིག་ཡིན་ས་ནས་ཟླ་མཚན་ཐོག་མར་འབབ་པའི་དུས་དང་། གཉེན་སྒྲིག་ནས་མངལ་སྦྲུམ་པའི་དུས། བྱིས་པ་སྐྱེ་བའི་སྐབས་དང་གཉོར་སྐྱོང་བྱེད་པའི་དུས། དེ་ནས་རོ་ཙ་ཉམས་དུས་ཀྱི་ཟླ་མཚན་མི་སྙོམས་པ་སོགས་དཀའ་སྡུག་གང་མང་ཞིག་བརྒྱུད་དགོས་པ་རེད། ཡང་ཅིག་བཤད་ན། བུད་མེད་ཀྱི་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ནས་མཛེས་སྡུག་གི་ལང་ཚོའི་མེ་ཏོག་རྣམ་པར་བཞད་པའི་སྐབས་དང་། དེ་ནས་ཐོག་མར་རང་ཉིད་རླབས་ཆེན་གྱི་ཨ་མ་ཞིག་ཏུ་གྱུར་ནས་དགའ་སྤྲོའི་ངང་རང་གི་བྱིས་པར་ནུ་མ་བསྣུན་པའི་སྐབས། རང་ཉིད་ཀྱི་ལས་དོན་ལ་འབྲས་བུ་འབྱུང་བའི་སྐབས། དེ་ནས་རང་གི་བུ་དང་བུ་མོ་རིམ་གྱིས་ནར་སོན་པའི་སྐབས་བཅས་སུ། སེམས་སུ་བཤད་མི་ཤེས་པའི་དགའ་སྣང་ཞིག་གིས་ཁེངས་ནས་སྐྱེ་བ་མོ་ལུས་བླངས་ནའང་དོན་སྙིང་ཡོད་པར་འདོད་སྲིད།

བུད་མེད་ཀྱི་བདེ་སྲུང་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་ཐུབ་ན། རང་ལུས་ལ་བདེ་སྲུང་བྱེད་ཤེས་པར་མ་ཟད། ན་ཚའི་སྡུག་བསྔལ་མང་པོ་བསལ་ནས་འཚོ་བར་བདེ་སྐྱིད་ལྡན་ངེས་པས། གཤམ་དུ་བུད་མེད་ཀྱི་བདེ་ཐང་འཚོ་བའི་རྒྱུན་ཤེས་འགའ་ངོ་སྤྲོད་ཅིག་བྱེད།

དང་པོ། བུད་མེད་ཀྱི་ལུས་ཁམས་འཁྱག་ཏུ་འཇུག་མི་རུང་།

ལུས་ཁམས་འཁྱག་ཏུ་བཅུག་ན་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་གནོད་ཅིང་། རྐང་ལག་འཁྱག་པར་གྱུར་ན་ཟླ་མཚན་འབབ་སྐབས་ན་ཟུག་ལངས་ངེས། ཁྲག་རྒྱུན་འཁོར་སྐྱོད་བྱས་པ་མ་ལེགས་ན་ངོ་གདོང་དུ་ནག་ཐིག་ཡོང་བ་དང་། ལུས་སྟོབས་ཇེ་ཞན་དུ་གྱུར་ནས་སྐྱི་པགས་ཀྱི་བཀྲག་མདངས་ཉམས་སྲིད། དེ་ལས་ཀྱང་ང་ཚོ་བུད་མེད་རྣམས་ཀྱི་སྐྱེ་འཕེལ་མ་ལག་ལ་འཁྱག་པའི་རིགས་མི་འཕྲོད་པས། ལུས་ཁམས་གཏན་ནས་འཁྱག་ཏུ་འཇུག་མི་རུང་།

གཉིས་པ། བུད་མེད་ལ་སྐུལ་རྩི་དགོས་པ་རེད།

བུད་མེད་རྣམས་རང་ལོ་བཅུ་གཉིས་ཡས་མས་ནས་ཟླ་མཚན་འབབ་མགོ་བརྩམས་ཏེ་ལོ་ལྔ་བཅུ་ཡས་མས་སུ་ཟླ་མཚན་ཆད་སྲིད། བུད་མེད་ལ་ཟླ་མཚན་ཆད་རྗེས་ལང་ཚོ་རྒུད་པའི་དུས་སུ་ཐོན་པས་དེ་ལ་རྒས་རྟགས་མངོན་པའི་དུས་ཀྱང་ཟེར། ཁམས་དམར་འདོན་ཐེངས་རེ་རེར་སྐུལ་རྩི་རྙིང་ཚབ་གསར་བརྗེ་བྱེད་བཞིན་ཡོད་ཅིང་། ལུས་སྟེང་གི་སྐུལ་རྩི་རྒྱུན་ལྡན་ཡིན་པའི་བུད་མེད་ཀྱི་ངོ་གདོང་གི་སྐྱི་པགས་ལ་བཀྲག་མདངས་ལྡན་ལ། རྙིང་ཚབ་གསར་བརྗེ་བྱས་པ་དེ་འདྲ་མི་བཟང་བའི་བུད་མེད་ཀྱི་ངོ་གདོང་དུ་ནག་ཐིག་གིས་ཁེངས་སྲིད།

གསུམ་པ། ཟླ་མཚན་འབབ་པའི་སྐབས་ཀྱི་ན་ཟུག

ཟླ་མཚན་འབབ་པའི་སྐབས་སུ་ན་ཟུག་ཡོད་ན་སྒ་སྐྱའི་ཁུ་དྭངས་འཐུང་ན་བཟང་། དེ་ལ་བུད་མེད་མང་པོ་ཞིག་གིས་ཚོད་ལྟ་བྱས་མྱོང་མོད། སྒ་སྐྱ་དེའང་ཐེངས་གཅིག་ནས་གཉིས་ཙམ་ལ་འཐུང་བས་གོ་དེ་འདྲ་ཆོད་པ་མི་ཤེས་ཕྱིར་རྒྱུན་དུ་འཐུང་དགོས། སྒ་སྐྱས་ལུས་དྲོད་བསྐྱེད་ཐུབ་པར་མ་ཟད། དེ་ལ་ཞིམ་ཐིག་ལེ་ལྟ་བུའི་ཞོར་སྐྱོན་མེད་པས་རྒྱུན་དུ་འཐུང་ཆོག ཟླ་མཚན་འབབ་ཁ་དང་ཡང་ན་ཟླ་མཚན་ཡོང་བའི་ཉིན་དང་པོར་སྒ་སྐྱ་ལེབ་མོར་གཞོག་ནས་གདུས་རྗེས་དེའི་ནང་དུ་ད་དུང་ཀ་ར་ནག་པོ་དང་སིལ་ཙོ་རིལ་ཅུང་བཏབ་ནས་འཐུང་དགོས། དེའང་སྒ་སྐྱའི་ཤུན་པགས་མ་བཤུས་ན་བཟང་བ་དང་སྒ་སྐྱ་ལེབ་མོ་ཇི་ལྟར་མང་ན་དེ་ལྟར་བཟང་ཞིང་། སྒ་སྐྱ་དེ་ད་དུང་ཆུ་ཁོལ་ནང་དུ་གདུས་པ་དང་ཇི་ལྟར་ཚན་འདེ་འཐུང་ཐུབ་ན་དེ་ལྟར་བཟང་། དེ་ལས་གཞན་ཟླ་མཚན་འབབ་པའི་དུས་སུ་འགུལ་སྐྱོད་དྲག་པོ་བྱེད་མི་རུང་། ཆུ་འཁྱག་ནང་དུ་རྐང་ལག་མི་བསྒྱེས་པ་དང་ཆུ་འཁྱག་མི་འཐུང་བ། ཁ་ཚ་བའི་ཟས་རིགས་སོགས་སྤང་དགོས། ཉིན་རྒྱུན་སེམས་ཁམས་སྐྱིད་པོར་གནས་དགོས་ཤིང་། གཙང་སྦྲར་དོ་སྣང་བྱེད་པ་དང་། གཉིད་མི་ཆག་པ། དུས་ལྟར་ལུས་ཡོངས་ལ་བརྟག་དཔྱད་བཅས་བྱེད་དགོས། །

མངལ་ལམ་གཉན་ཚད་ཀྱི་སྔོན་འགོག་དང་གསོ་བཅོས་ཐབས

མངལ་ལམ་གཉན་ཚད་སྔོན་འགོག་བྱེད་པའི་ཐད་ནས་བུད་མེད་མི་ཉུང་བ་ཞིག་ལ་རང་ཉིད་ཀྱི་ཐབས་ལམ་ཡོད་མོད། དོན་དམ་པས་ཐབས་ལམ་དེ་དག་ལས་གང་དག་ཡང་དག་ཡིན་པ་དང་གང་དག་ཡང་དག་མིན་པའི་སྐོར་ཤེས་ཀྱིན་མེད། དེ་བས་གཤམ་དུ་མངལ་ལམ་གཉན་ཚད་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཐབས་ལམ་འགའ་ངོ་སྤྲོད་ཅིག་བྱེད།

གཅིག  སྲིན་འགོག་སྨན་གང་འདོད་དུ་བསྟེན་མི་རུང་།

སྲིན་འགོག་སྨན་གྱིས་ཕན་ལྡན་སྲིན་ཁྱུ་སྐོར་ཞིག་ཚོད་འཛིན་དང་བཀག་འགོག་བྱེད་སྲིད་པས་རླམ་སྲིན་རིགས་གོ་སྐབས་དེ་དང་བསྟུན་ནས་ཇེ་མང་དུ་འཕེལ་སྲིད། དེར་བརྟེན་སྲིན་འགོག་སྨན་བསྟེན་པར་ཧ་ཅང་གཟབ་དགོས།

གཉིས། རྐང་ཐུང་སོགས་ནང་འབྱར་གྱི་རིགས་གཅིག་པུ་གཙང་མར་བཀྲུ་དགོས།

རླམ་སྲིན་དེ་སྐྱི་པགས་ཀྱི་ཕྱི་ངོས་དང་ཕོ་རྒྱུའི་ལམ། སེན་མོའི་ནང་བཅས་སུ་ཧ་ཅང་རྒྱུད་འཕེལ་བྱུང་ཡོད་པ་རེད། གལ་ཏེ་མི་རང་ཉིད་དང་ཁྱིམ་མིར་རྐང་རྔོ་དང་སེན་མདོག་སྐྱ་འགྱུར་གྱི་ནད་སོགས་བྱུང་ཡོད་ན། རླམ་སྲིན་ཕན་ཚུན་རེད་པ་འབྱུང་སྲིད། དེ་བས་རྐང་ཐུང་སོགས་ནང་འབྱར་གྱི་རིགས་ལྭ་བ་མང་པོ་དང་མཉམ་དུ་མི་བཀྲུ་བར་ལོགས་སུ་བཀར་ནས་གཙང་མར་བཀྲུ་དགོས།

གསུམ། གཙང་སྦྲ་བྱེད་ནའང་ཐལ་དྲགས་མི་རུང་།

སྐྱུར་བའི་རང་བཞིན་གྱི་དུག་སེལ་རྫས་ཀྱི་མངལ་ལམ་བཀྲུ་སྤྱད་དང་དུག་སེལ་འདོམ་ཤོག་སོགས་བསྟུད་མུར་བཀོལ་སྤྱོད་བྱས་ན། རླམ་སྲིན་བསྐྱེད་སྲིད། དེ་བས་དུས་རྒྱུན་བུལ་ཉུང་རྫས་སྦྱོར་བྱས་ནས་ལས་པའི་འདོམ་ཤོག་བཀོལ་སྤྱོད་བྱས་ན་བཟང་།

བཞི། མངལ་སྦྲུམ་པའི་སྐབས་ཀྱི་དོ་སྣང་།

བུད་མེད་ལ་མངལ་ཆགས་པའི་སྐབས་སུ་མཚན་མའི་སྐུལ་རྩིའི་ཚད་དང་། མངལ་ལམ་ནང་གི་གདོད་ཧྭགས་དང་སྐྱུར་ཚད་ཚང་མ་ཇེ་མཐོར་སོང་ཡོད་པས། རླམ་སྲིན་གྱིས་གནོད་པ་ཐེབས་སླ། སྦྲུམ་མར་མཚོན་ན། དེའི་སྐབས་སུ་སྨན་འཐུང་མི་རུང་བར་མངལ་ལམ་ཁོ་ནར་སྔོན་འགོག་དང་གསོ་བཅོས་བྱེད་ཐབས་སྤྱོད་དགོས།

ལྔ། གོས་འཁྲུད་འཕྲུལ་ཆས་བཀོལ་བར་དོ་སྣང་བྱེད་དགོས།

གོས་འཁྲུདའཕྲུལ་ཆས་ཡོད་ཚད་ཀྱི་ནང་དུ་ཧ་ལམ་རླམ་སྲིན་མེད་པ་ཞིག་མི་འདུག་པས། ཏུའུ་གྲངས་དྲུག་ཅུའི་ཡས་མས་ཀྱི་ཆུ་ཚན་གྱིས་གོས་འཁྲུད་འཕྲུལ་ཆས་བཀྲུ་ན་ལེགས།

དྲུག མི་ཚོགས་འདུ་སའི་གཙང་སྦྲར་དོ་སྣང་བྱེད་དགོས།

མི་ཚོགས་འདུ་སར་རླམ་སྲིན་མང་སྲིད་པས། ཕྱི་རོལ་དུ་སོང་ནས་མགྲོན་ཁང་སོགས་སུ་འདུག་སྐབས། རབ་ཡིན་ན་ཁྲུས་མི་བྱེད་པ་དང་། དགོང་མོར་ཡང་ཐད་ཀར་ཉལ་ཐུལ་ནང་དུ་མི་འཛུལ་བར་ཉལ་གོས་ཀྱི་ལྭ་བ་གོན་ནས་ཉལ་བ། སྤྱོད་ཁང་དུ་འབུད་སྐབས་ཀྱང་གཟབ་གཟབ་བྱེད་དགོས།

བདུན། ཡང་དག་པས་སྦྲུམ་འགོག་བྱེད་ཐབས་སྤྱོད་པ།

སྦྲུམ་འགོག་སྨན་ནང་གི་མོ་གཤིས་སྐུལ་རྩིས་རླམ་སྲིན་གྱིས་གནོད་པ་ཐེབས་པར་རོགས་འདེགས་བྱེད་སྲིད། དེ་བས་གལ་ཏེ་རླམ་སྲིན་རང་བཞིན་གྱི་མངལ་ལམ་གཉན་ཚད་ཡང་དང་བསྐྱར་དུ་བྱུང་ན། སྨན་རྫས་ལ་བརྟེན་ནས་སྦྲུམ་འགོག་བྱེད་པའི་བྱེད་ཐབས་མ་བཀོལ་ན་ལེགས།

བརྒྱད། བཟའ་ཟླ་དང་མཉམ་དུ་གསོ་བཅོས་བྱེད་པ།

གལ་ཏེ་རང་ལ་རླམ་སྲིན་རང་བཞིན་གྱི་མངལ་ལམ་གཉན་ཚད་བྱུང་ན། རང་ཉིད་ལ་གསོ་བཅོས་བྱེད་དགོས་པར་མ་ཟད། བཟའ་ཟླར་ཡང་གསོ་བཅོས་བྱེད་དགོས། དེ་ལྟར་བྱས་ན་ནད་བབ་སངས་དྲག་ཏུ་གཏོང་ཐུབ།

དགུ།  སྲིང་བལ་ལས་བཟོས་པའི་ནང་གོས་གྱོན་དགོས།

རྫས་འགྱུར་ཚིན་སྣའི་རིགས་ཀྱིས་བཟོས་པའི་ནང་གོས་ཀྱིས་མངལ་ལམ་ལ་གནོད་པས། སྲིང་བལ་ལས་བཟོས་པའི་ནང་གོས་གྱོན་དགོས།

བཅུ། ཁྲག་ཧྭགས་ལ་ཚོད་འཛིན་བྱེད་པ་དང་། བུལ་ཏོག་འདུས་པའི་དངོས་རྫས་བཀོལ་ནས་མངལ་ལམ་བཀྲུ་བ།

གཅིན་སྙིའི་ནད་བྱུང་ཡོད་པའི་བུད་མེད་ཀྱི་མངལ་ལམ་ནང་གི་གདོད་ཧྭགས་ཀྱི་འདུས་ཚད་དང་སྐྱུར་ཚད་ཅུང་མཐོ་བས། རླམ་སྲིན་གྱིས་གནོད་པ་ཐེབས་སླ། དེ་བས་ཁྲག་ཧྭགས་ལ་ཚོད་འཛིན་བྱེད་པའི་དུས་མཚུངས་སུ། ད་དུང་མངལ་ལམ་བཀྲུ་བར་བུལ་ཉུང་རང་བཞིན་གྱི་དངོས་རྫས་བདམས་ན་བཟང་།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།