ཉེ་ལམ། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། མང་ཚོགས་རྣམས་ཀྱིས་སྨན་པར་སྟོན་པ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། སྨན་བཅོས་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་རྣམ་འགྱུར་ཇེ་ལེགས་སུ་གཏོང་བ། དལ་བའི་རང་བཞིན་གྱི་ནད་རིགས་ལ་གསོ་བཅོས་ཡག་པོ་བྱེད་པ། གན་རྒྱ་འཇོག་པ་དང་མྱོང་ཚོར་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས་དྲུག་ཐད་ནས《ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་དང་དམངས་ཕན་ཞབས་ཞུའི་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ་ཡིན)གཏན་འབེབས་བྱས།
རྒྱུས་ལོན་པ་ལྟར་ན། 《བྱ་ཐབས》ནང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་བརྟག་དཔྱད་མཇུག་འབྲས་ལ་ཕན་ཚུན་གྱིས་ཁས་ལེན་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྒོ་བསྟེན་ཞབས་ཞུའི་དུས་ཚོད་འོས་འཚམ་ངང་ཇེ་རིང་དུ་གཏོང་བ། ཆེད་མཁས་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ། གཟའ་མཇུག་དང་དུས་མཚམས་དབྱེ་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱེད་པ། བྱིས་པའི་བདེ་ཐང་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུར་སྐུལ་འདེད་གཏོང་བ། ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཕྱོགས་ཡོངས་ནས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་ནས་སྨན་རིན་རྩིས་རྒྱག་པའི”ཞབས་ཞུ་མཁོ་འདོན་བྱེད་པ། རྒྱུན་མཐུད་ངང་སྨན་བཅོས་ཁོར་ཡུག་དང་བརྟག་དཔྱད་སོགས་བྱ་ཐབས་བཅུ་དྲུག་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་རྣམས་ལ་རང་ཡུལ་དུ་སྟབས་བདེའི་ངང་དུས་ལྟར་སྨན་བཅོས་བྱེད་ཐུབ་པ་དང་བདེ་ཐང་གི་ཞབས་ཞུ་བསྐྲུན་དགོས། །
རྩོམ་སྒྲིག་པ། འབྲུག་མོ།