ཁ་ལ་སྐྱུར་ཁུ་ལྡང་བ་ནད་ཀྱིས་ཡིན།
2023.10.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཟ་མ་ཟོས་རྗེས། ཁ་ལ་སྐྱུར་ཁུ་ལྡང་བའི་གནས་ཚུལ་དང་འཕྲད་མྱོང་ངམ། སྐྱུར་ཁུ་དེ་གང་ནས་བྱུང་བ་ཤེས་སམ་ཞེ་ན། དོན་གྱིས་དེ་ནི་ནད་ཀྱི་དབང་གིས་ཡིན་ཏེ།

དེ་ནི་ཕོ་བའི་ནང་གི་ཟས་རོ་སོགས་ཕྱིར་མིད་པར་ལྡོག་པ་ལས་བྱུང་བའི་ཁ་ལ་སྐྱུར་དྲི་བྲོ་བའི་ནད་རྟགས་ཤིག་ཡིན། སྤྱིར་བཏང་ཟས་ཀྱི་རྗེས་སམ་མཚན་མོར་འབྱུང་བ་ཡིན་ལ། ཞོར་དུ་ཕོ་ཁ་ཚ་བའི་ནད་རྟགས་ཀྱང་འབྱུང་།

སྐྱུར་ཁུ་ལྡང་བ་ལ་རྒྱུ་རྐྱེན་མང་དུ་མཆིས་ཀྱང་། གཙོ་བོ་ནི་ཕོ་ཁ་དང་ཕོ་བའི་བྱེད་ལས་ལོག་སྟེ། ཕོ་བའི་ནང་གི་གཤེར་ཁུ་ཕྱིར་ལྡོག་པས་ཡིན་ལ། འཇུ་བྱེད་མ་ལག་གི་རྒྱུན་མཐོང་ནད་ཅིག་ཡིན།

དེ་ལ་རིགས་གཉིས་སུ་དབྱེ་སྟེ། ཐ་མལ་ནད་མེད་ཀྱི་སྐྱུར་ཁུ་དང་འཕེལ་འགྲིབ་ནད་ཀྱི་སྐྱུར་ཁུའོ། །

ཐ་མལ་ནད་མེད་ཀྱི་སྐྱུར་ཁུ་ནི་ཕལ་ཆེ་བ་སེམས་ཚེགས་ཆེ་བ་དང་ངལ་ཞིང་དུབ་པའི་རྐྱེན་གྱིས་སློང་བ་ཡིན།

འཕེལ་འགྲིབ་ནད་ཀྱི་སྐྱུར་ཁུ་ནི་མིད་པའི་ནུས་པ་ཉམས་པ་དང་ཕོ་བའི་བྱེད་ལས་འཁྲུགས་པ་སོགས་ཀྱིས་ཕོ་སྐྱུར་མང་དུ་ཐོན་པ་དང་། ཡང་ན་ཕོ་བའི་འཇུ་སྟོབས་ཞན་པར་གྱུར་ནས་མ་ཞི་བའི་རྐྱེན་གྱིས་སློང་བ་ཡིན།

དེ་ན་གནས་བབ་ག་འདྲ་ཞིག་ཏུ་སྐྱུར་ཁུ་ལྡང་སླ་བ་ཡིན་ནམ་ཞེ་ན།

སྐྱུར་ཁུ་ལྡང་སྐབས་ཀྱི་འཁྲུལ་མེད་ནད་རྟགས་ནི་རྒྱུ་སོར་བཅུ་གཉིས་ལས་བཟའ་བཏུང་གི་སྙིགས་རོ་ཕྱིར་ལྡོག་སྟེ་མིད་པ་ལས་ཁ་ནང་དུ་ཐོན་པས། ཁ་ལ་སྐྱུར་དྲི་བྲོ་བ་དང་ཕོ་ཁ་གཟེར་བ་ཡིན། ནད་པ་ཁག་ཅིག་ལ་མིད་པ་འགག་སྙམ་དང་ན་བ་སོགས་ཀྱི་རྟགས་འབྱུང་ལ། ཟས་ཀྱི་རྗེས་དང་ལུས་ཀྱི་དགྱེ་སྒུར། ཀན་རྐྱལ་དུ་ཉལ་བ་སོགས་ཀྱི་དུས་སུ་ལྡང་བ་ཆེས་མང་།

མངར་ཟས་སྣུམ་ཟས་སོགས་ཞི་དཀའ་བའི་བཟའ་བཏུང་། ཁྲོག་ལེ་དང་ཁོ་ཧྥེ། ཇ་གར་མོ། ཆང་སོགས་བསྟེན་རྗེས་སམ། ཡང་ན་སྙིང་རླུང་དྲག་ཏུ་འཕྱོ་བ་སོགས་ཀྱི་སྐབས་སུ་ཁ་ལ་སྐྱུར་ཁུ་ལྡང་སླ།

ཁ་ལ་རྒྱུན་རིང་དུ་སྐྱུར་ཁུ་ལྡང་ན་མིད་དཀའ་བའི་སྣང་ཚུལ་ཡང་འབྱུང་ལ། གལ་ཏེ་སྐྱུར་ཁུས་མིད་པར་གནོད་པ་དང་ཡང་ན་གློ་བར་རྔུབ་ཚེ། སྐད་འགག་པ་དང་གློ་ལུ་བ། ཐ་ན་དབུགས་འཚང་བ་སོགས་ཀྱང་འབྱུང་།

ཁ་ལ་སྐྱུར་ཁུ་ལྡང་སླ་བའི་མི་ལ་གང་དག་ཡོད་དམ།

ཕོ་ཚད་དང་ཕོ་རྨ་བརྡོལ་བ། རྒྱུ་སོར་བཅུ་གཉིས་ཀྱི་རྨ་བརྡོལ་བ། སྐྱུགས་བུ་ལྡང་བའི་མིད་ཚད་སོགས་བྱུང་བའི་ནད་པ་ལ་སྐྱུར་ཁུ་ལྡང་སླ་བ་ཡིན། གཞན་དུ་མངར་ཆ་དང་སྣུམ་ཞག་མང་བའི་ཟས་རིགས་ལ་གོམས་པའི་མི་དང་། སྦྲུམ་མ་དང་ཚོན་པོ། གསུས་པར་དམུ་ཆུ་བབས་པའི་མི། ཡང་ན་མ་གཞི་ནས་མིད་པའི་ནུས་པ་ཉམས་པའི་ནད་པ་སོགས་ལའང་སྐྱུར་ཁུ་ལྡང་སླ། ད་དུང་ཟས་སྤྱོད་མི་ལེགས་པ་དང་ཟོས་མ་ཐག་ཉལ་བའི་མི་ལའང་དེ་བཞིན་ནོ། །

ཁ་ལ་སྐྱུར་ཁུ་ལྡང་བར་གསོ་བཅོས་བྱེད་ཐབས།

དེ་ལ་སྨན་གྱི་བཅོས་ཐབས་དང་དཔྱད་ཀྱི་བཅོས་ཐབས་གཉིས་ཡོད་དེ།

སྨན་གྱི་བཅོས་ཐབས་ལ། སྐྱུར་འགོག་སྨན་དང་སྐྱུར་སེལ་སྨན། ཕོ་རྒྱུའི་ནུས་པ་གསོ་བའི་སྨན་བཅས་བསྟེན་དགོས་ལ། མིག་སྔར་ཆེས་རྒྱུན་སྤྱོད་ཀྱི་སྐྱུར་འགོག་སྨན་ནིPPIཡི་རིགས་ཡིན་ལ། དེར་ཨོ་མེ་ལ་ཙོ་དང་ལེ་པེ་ལ་ཙོ། ཕན་ཏ་ལ་ཙོ་སོགས་ཡོད།

དཔྱད་ཀྱི་བཅོས་ཐབས་ལ། གཙོ་བོ་གསུས་ཁོག་མཐོང་ཤེལ་གྱི་ཕོ་ཞབས་ལྟེབས་གཉེར་གཤག་བཅོས་ལྟ་བུ་ཡོད།

རྒྱུན་སྤྱོད་ཀྱི་འགོག་ཐབས་ལ་གང་དག་ཡོད།

འཚོ་བའི་གོམས་སྲོལ་བསྒྱུར་ནས་སྐྱུར་ཁུ་མི་ལྡང་བར་བྱེད་པ་ལ། ཚོ་བྱང་བ་དང་དུ་ཆང་གཅོད་པ། ཁོ་ཧྥེ་དང་ཇ་གར་མོ་མི་འཐུང་བ། ཁྲོག་ལེ་དང་ཁོ་ཁོ་མི་བཟའ་བ། སྣུམ་ཆེ་བའི་ཟས་དང་མངར་ཟས་མི་བསྟེན་པ། ཞོག་ཁོག་མངར་མོ་དང་ཞོག་ཁོག་སོགས་སིང་ཕྱེ་མང་བའི་ཟས་རིགས་མི་བཟའ་བ། ཟས་རྗེས་འགུལ་སྐྱོད་བྱེད་པ་དང་དགྱེ་སྒུར་མི་བྱེད་པ། དུས་ཚོད་གཉིས་རིང་ལངས་ནས་འདུག་པ་ལས་ཟོས་མ་ཐག་མི་ཉལ་བ། མ་ཉལ་སྔོན་གྱི་དུས་ཚོད་གསུམ་རིང་བཟའ་བཏུང་མི་བསྟེན་པ། ཉལ་བའི་སྐབས་སུ་མགོ་དང་ཕྲག་པ་སྔས་ས་ཅུང་མཐོ་བར་བྱེད་པ་སོགས་ཡོད་ལ། སེམས་ཁམས་སྐྱིད་པོ་ཡོང་ནའང་སྐྱུར་ཁུ་མི་ལྡང་བར་ཕན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།