ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་སྨན་པ་གྲགས་ཅན་ནམ་ཡུས་ཧང་སྨན་ཁང་དང་པོའི་ཀྲུང་ལུགས་གསོ་རིག་ཁང་གི་གདན་ཞུའི་ཆེད་མཁས་པ་ཞུས་ཙའེ་ཁྲུན་གྱིས་ཉེ་ཆར《ཧང་ཀྲོའུ་ཉིན་རེའི་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།
ཚང་མས་ལུས་སྦྱོང་གི་དགེ་མཚན་གླེང་གིན་འདུག་མོད། འོན་ཀྱང་ངས་བལྟས་ན་ལོ40ཡི་སྔོན་ལ་ལུས་སྦྱོང་བྱེད་དགོས་ལ། ལོ50ཡི་སྔོན་ལ་ལུས་སྦྱོང་འོས་འཚམ་བྱེད་དགོས་པ་དང་། ལོ60ཡི་རྗེས་སུ་ལུས་སྦྱོང་མི་བྱེད་པར་ངལ་གསོ་མང་ཙམ་བྱས་ན་འགྲིག ངས་རྒྱུན་དུ་ལོ40ལ་མ་བུད་པའི་ན་གཞོན་རྣམས་ལ་བང་རྒྱུག་བྱེད་པ་དང་ལྒང་ལི་རྩེ་བ་སོགས་ཀྱི་ལུས་སྦྱོང་བྱེད་དགོས་པའི་སྐུལ་ལྕག་བཏང་བ་ཡིན་ལ།ལོ50ལ་བུད་རྗེས་གཅིན་སྙི་ཟ་ཁུ་སོགས་ཀྱི་དལ་གཤིས་ནད་རིགས་མེད་པར་མཁལ་མའི་ནུས་པ་ཡག་པོ་ཡོད་ཚེ་ལུས་སྦྱོང་འོས་འཚམ་བྱེད་དགོས་པ་དང་། ལོ60ལ་བུད་རྗེས་ལུས་སྦྱོང་མི་བྱེད་པར་ལྷོད་ལྷོད་ངང་འདུག་དགོས་པར་གདམས་པ་ཡིན།
ལུས་སྦྱོང་བྱེད་པར་ལོ་ཚོད་ཀྱི་དབྱེ་མཚམས་ཡོད། མི་མང་པོ་ཞིག་གིས་ལོ་ན་གཞོན་དུས་ལུས་སྦྱོང་མི་བྱེད་པ་དང་། རྒས་རྗེས་ད་གཟོད་སྲོག་ལ་མི་འཛེམ་པར་སྦྱོང་བརྡར་བྱེད་པ་རེད། དེ་ནི་རང་བྱུང་གི་ཆོས་ཉིད་དང་མི་མཐུན་པས་མཇུག་མཐར་ལུས་པོར་གནོད་འཚེ་མང་པོ་བཟོ་སྲིད།
ཨ་ནེ་རྒན་མོ་ཞིག་ངའི་སར་སྨན་པར་སྟོན་དུ་ཡོང་སྐབས། ལུས་པོ་སྐམ་ནས་རྒྱ་མ70ནས80ལས་མེད་པས། མོས་ལུས་སྦྱོང་བྱས་ན་ལུས་ཁམས་གསོ་ཐུབ་པར་སྙམ་ནས་ཉིན་ལྟར་དགོང་ཟས་ཟོས་རྗེས་རྐང་ཐང་དུ་སྤྱི་ལེ5རེར་འགྲོ་བ་དང་། དབྱར་ཁར་དྲོད་ཚད་ཏུའུ38ལ་སླེབས་ནའང་རྒྱུན་འཁྱོངས་བྱས་མོད། འོན་ཀྱང་ལུས་པོ་ཉིན་རེ་ལས་ཉིན་རེར་ཇེ་ཞན་དུ་སོང་བ་རེད། ཡང་ལོ58ལ་སོན་པའི་འབྲུམ་དམར་ཚ་བའི་ནད་པ་ཞིག་གི་གཅིན་སྤྲི་དཀར་ཇེ་མཐོར་སོང་སྟེ་ནད་གཞི་ཇེ་སྡུག་ཏུ་སོང་བ་ལ་ང་ཚོས་ཞིབ་ཏུ་བརྟག་པ་ན། ནད་པ་དེ་ལུས་སྦྱོང་བྱེད་ཆེད་ཉིན་རེར་དུས་ཚོད་གཉིས་ཙམ་ལ་རྐང་ཐང་དུ་འགྲོ་བ་དང་། སྐེད་པ་ན་བ་དང་ལུས་ཤུགས་ཟད་པའི་ཚོར་སྣང་བྱུང་ནའང་རྒྱུན་འཁྱོངས་བྱས་པས་རེད། དེ་དང་དེ་ལྟ་བུའི་གནས་ཚུལ་གང་མང་ཡོད།
གཞན་ད་རུང་སོ་ལྷུང་བ་དང་སྐྲ་ལོ་དཀར་པོར་འགྱུར་བ། སྐྱི་པགས་གཉེར་བ་སོགས་ཀྱི་རྒས་རྟགས་མངོན་རྗེས་མི་མང་པོ་ཞིག་གི་སེམས་པ་སྡུག་གིས་མནར་གྱིན་ཡོད། དེ་དག་ནི་ལྡོག་ཐབས་མེད་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པ་ནམ་ཡང་སེམས་ལ་ངེས་དགོས།
ཉེ་སྔོན་པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་གི་དགེ་རྒན་ཆེན་མོ་ཞིག་དང་གླེང་མོལ་བྱེད་སྐབས་ཁོས་བཤད་རྒྱུར། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་ཁྲོད་ཚེ་ཐག་ཆེས་རིང་བ་དག་ནི་མཚན་ཉིད་རིག་པའི་ཚན་ཁག་གི་དགེ་རྒན་རེད་ཟེར། ཁོ་ཚོའི་གྲས་སུ་ལོ90ལ་བུད་པའི་བགྲེས་སོང་མང་ལ། ལོ100ལ་བུད་པའི་བགྲེས་སོང་ཡང་མི་ཉུང་བ་ཞིག་ཡོད། ཁོང་ཚོས་རང་ཉིད་ཀྱི་མི་ཚེ་ལ་རྟོགས་པ་གསལ་པོ་རྙེད་དེ། སེམས་ཁམས་གསོ་བ་ནི་ཕྱི་ཡི་རྣམ་པ་ཙམ་མིན་པར་ནང་སེམས་ཀྱི་ཞི་ལྷོད་ཡིན་པ་གསལ་པོར་རྟོགས་ཡོད་པས་རེད།
རྟག་ཏུ་མེ་ལོང་ལ་བལྟས་ནས་ལུས་སྟེང་གི་འགྱུར་ལྡོག་ཕྲ་མོར་དོ་སྣང་བྱེད་པ་ལས། སེམས་པ་ལྷོད་ལྷོད་ངང་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ལ་འཐམས་ན་བཟང་། དཔེར་ན་ཡུལ་སྐོར་དུ་འགྲོ་བ་དང་པར་ལེན་པ། ཡིག་གཟུགས་དང་རི་མོ་འབྲི་བ། ཤོག་དྲས་དང་འཚེམ་དྲུབ་སོགས་ཀྱི་ལག་བཟོས་ཐོན་རྫས་ལས་པ་སོགས་ནི་རྒན་པ་རྣམས་ལ་འཕྲོད་པའི“དབྱང་ལྡན་ལུས་རྩལ”གྱི་ཁོངས་སུ་གཏོགས་ཤིང་། དེ་དག་གིས་མི་སེམས་ལ་སྤྲོ་སྣང་དང་ཡིད་ཆེས་སྩོལ་ཐུབ་པར་མ་ཟད། རྩབས་དང་ཁ་ཤན་མཁྲིས་བུལ་དང་མཁལ་སྟེང་གཤེར་རྨེན་རྒྱུ་སོགས་སྐྱེ་དངོས་རྫས་འགྱུར་མང་པོ་ཞིག་ཟགས་ཐོན་བྱེད་པར་སྐུལ་འདེད་གཏོང་ཐུབ་པས། ལུས་བདེ་སེམས་སྐྱིད་ཡོང་བར་ཕན་པ་དང་། རང་ཉིད་ཀྱི་འཚོ་བའི་སྤུས་ཀ་ཇེ་མཐོར་གཏོང་ཐུབ།།
རྩོམ་སྒྲིག་པ། འབྲུག་མོ།