ཟས་རིགས་བདེ་འཇགས་ཐད་གྱི་ཤེས་བྱ།
2023.10.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 86

ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་དེ་དེང་སྐབས་མི་ཚང་མས་དོ་སྣང་བྱེད་ཡུལ་དུ་གྱུར་དང་འགྱུར་བཞིན་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ལོ་རེའི་ཟླ་དྲུག་པའི་ནང་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ཐད་ཀྱི་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་བཞིན་ཡོད་པ་རེད།

གཤམ་དུ་ཟས་རིགས་ལས་བསྐྱེད་པའི་ནད་རིགས་ལ་རྒྱུན་ལོན་ཞིག་བྱེད།

ཅི་ཞིག་ལ་ཟས་རིགས་ལས་བསྐྱེད་པའི་ནད་རིགས་ཟེར།

ཟས་རིགས་ལས་བསྐྱེད་པའི་ནད་རིགས་ཞེས་པ་ནི་ཟས་རིགས་ནང་གི་ནད་འབུ་མིའི་ལུས་སུ་ཞུགས་ནས་བསླངས་པའི་དུག་ཕོག་པའི་རང་བཞིན་གྱི་ནད་རིགས་ཤིག་ལ་ཟེར། དེ་ལས་ནད་བསྐྱེད་པའི་རྒྱུ་རྐྱེན་ལ། རྫས་འགྱུར་རང་བཞིན་གྱི་ནད་རིགས་སྟེ། དཔེར་ན་ཞིང་སྨན་སོགས་ལྟ་བུ་དང། སྐྱེ་དངོས་རང་བཞིན་གྱི་ནད་རིགས་ལ། དཔེར་ན། ནད་འབུ་དང་ནད་དུག གཞན་བརྟེན་སྲིན་འབུའི་རང་བཞིན་སོགས་དང་། དུག་ལྡན་རྩི་ཤིང་དང་དུག་ལྡན་ཤ་མོ་སོགས་འདུས་ཡོད།

དེ་ནི་ཟས་རིགས་བདེ་འཇགས་ཐད་ཀྱི་གནོད་བྱེད་གཙོ་བོ་ཡིན་པའི་རྒྱུ་མཚན་ཅི།

ཟས་རིགས་ལས་བསྐྱེད་པའི་ནད་རིགས་ཀྱིས་མིའི་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཡང་ན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་། ཟས་རིགས་ལས་བསྐྱེད་པའི་ནད་རིགས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་ལོ་རེར་ཟས་རིགས་ལས་བསྐྱེད་པའི་ནད་འབྱུང་ཚད་ཧ་ལམ་མི་དུང་ཕྱུར་བཅུ་ཙམ་ཡོད་ཅིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་ལོ་རེར་སུམ་ཆའི་གཅིག་གི་མི་ལ་ཟས་རིགས་ལས་བསྐྱེད་པའི་ནད་འབྱུང་བཞིན་ཡོད།

རང་རྒྱལ་དུའང་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་གཙོ་བོ་ནི་ཟས་རིགས་ལས་བསྐྱེད་པའི་ནད་རིགས་རེད།  ནད་རིགས་དེའི་འབྱུང་ཚད་དང་ཤི་བའི་མི་གྲངས་ལ་བལྟས་ནས་བཤད་ན། ཟས་རིགས་ལས་བསྐྱེད་པའི་ནད་རིགས་དེ་ཟས་རིགས་གཞན་པའི་གནོད་པ་དང་བསྡུར་ཐབས་མེད་པ་ཞིག་རེད། ཆེས་རྒྱུན་མཐོང་གི་སྐྱེ་དངོས་ཕྲ་རབ་ཀྱིས་ཟས་དུག་ཕོག་པའི་ནད་རྟགས་ལ་སྐྱུགས་པ་དང་ཁོག་པ་ན་བ། ཁོག་པ་བཤལ་བ་སོགས་ལྟ་བུ་ཡོད།

ཟས་རིགས་ལས་བསྐྱེད་པའི་ནད་རིགས་སྔོན་འགོག་བྱེད་ཐབས།

གཅིག ཟས་རིགས་གཙང་མ་ཡིན་དགོས་པ།

ཟ་མ་མ་ཟོས་སྔོན་དང་སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་བ་དང་། སྣོད་ཅ་ལག་དང་དཀར་ཡོལ་ཐུར་མ་སོགས་གཙང་མར་བཀྲུ་དགོས།

གཉིས་པ། ཟས་རིགས་རློན་པ་དང་བཙོས་མ་སོ་སོར་བགར་ནས་འཇོག་པ།

ཟས་རིགས་རློན་པ་དང་བཙོས་མ་ངེས་པར་དུ་སོ་སོར་བགར་ནས་འཇོག་པ་ལས་མཉམ་གཅིག་ཏུ་འཇོག་མི་རུང་ཞིང་། གཏུབས་གྲིའང་གཙང་མར་ཕྱིས་དགོས།

གསུམ། ཟས་རིགས་བཙོས་ནས་ཚོས་ཐག་ཆོད་དུ་འཇུག་དགོས།

ཤའི་རིགས་དང་སྒོ་ངའི་རིགས་སོགས་བཙོས་ནས་ཟ་དགོས་པ་རྣམས་ངེས་པར་དུ་ཚོས་ཐག་ཆོད་དུ་བཅུག་ནས་ཟོས་ན་ནད་འབུའི་གནོད་པ་འགོག་ཐུབ།

བཞི། ཟས་རིགས་ཉར་འཇོག་བཟང་པོ་བྱེད་དགོས།

ཟས་རིགས་བཙོས་མ་དེ་ནམ་རྒྱུན་ཡུན་རིང་ལ་ཉར་འཇོག་བྱེད་དཀའ་བས། ཟས་ལྷག་རྣམས་དུས་ཐོག་ཏུ་འཁྱག་སྒམ་ནང་དུ་འཇོག་དགོས་པ་དང་ཕྱིར་བླངས་ནས་ཟ་སྐབས་ཡང་བསྐྱར་ཚ་བོར་བཟོས་རྗེས་ད་གཟོད་ཟོས་ཆོག

ལྔ། ཟས་རིགས་ཀྱི་རྒྱུ་ཆའི་བདེ་འཇགས་ལ་དོ་སྣང་བྱེད་དགོས།

བཏུང་ཆུའི་བདེ་འཇགས་ཐད་ལ་དོ་སྣང་བྱེད་དགོས་པར་མ་ཟད། སྔོ་ཚོད་དང་སིལ་ཏོག་གི་རིགས་གཙང་མར་བཀྲུས་དགོས་པ་དང་། དུས་ལས་བརྒལ་བའི་ཟས་རྣམས་མི་ཟ་བ།

ཟས་རིགས་ཀྱི་སྦྱོར་རྟར་ཡང་དག་པས་ངོས་འཛིན་བྱེད་དགོས།

ཅི་ཞིག་ལ་ཟས་རིགས་ཀྱི་སྦྱོར་རྟ་ཟེར་རམ།

ཟས་རིགས་ཀྱི་སྦྱོར་རྟ་ཞེས་པ་ནི་ཟས་རིགས་ཀྱི་སྤུས་ཀ་ཇེ་ལེགས་དང་མདོག་ཇེ་ཡག དྲི་མ་ཇེ་ཞིམ་དུ་གཏོང་བྱེད་དང་། ཡང་ན་ཟས་མི་རུལ་སྤྱད་དང་ཉེན་འགོག་བྱེད་ཆེད་བཟོས་པའི་ཟས་རིགས་ནང་གི་མིས་བཟོས་འདྲེས་སྦྱོར་དངོས་པོའམ་ལྷད་མེད་དངོས་རྫས་ལ་གོ

ཟས་རིགས་ཀྱི་སྦྱོར་རྟ་དེའི་རིགས་བཀོལ་དགོས་པའི་རྒྱུ་མཚན་ཅི།

ཟས་རིགས་ཀྱི་སྦྱོར་རྟ་བཀོལ་སྤྱོད་བྱེད་པ་དེ་ནི་དེང་སྐབས་ཟས་རིགས་ལས་སྣོན་དང་ཐོན་སྐྱེད་བྱེད་པའི་དགོས་མཁོ་ཞིག་ཡིན་པ་དང་། དེས་ཟས་རིགས་ཀྱི་ངོ་བོ་མི་འགྱུར་བ་དང་མི་རུལ་བ། ཟས་རིགས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། གལ་ཏེ་རུལ་སུངས་འགོག་རྫས་མེད་ན། ཟས་རིགས་མང་པོ་ཞིག་དུས་ཡུན་ཐུང་ངུའི་ནང་རུལ་ནས་ངོ་བོ་འགྱུར་སྲིད་པས།  ཐག་རིང་དུ་སྐྱེལ་འདྲེན་བྱེད་མི་ཐུབ་ཅིང་ང་ཚོ་ལ་སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས་གདམ་གསེས་བྱེད་རྒྱུའང་མེད་པ་རེད། འོན་ཀྱང་ང་ཚོས་འདི་ནས་ནན་བཤད་བྱེད་དགོས་པ་ཞིག་ལ། ཟས་རིགས་ཀྱི་སྦྱོར་རྟ་དེ་ངེས་པར་དུ་གཏན་འཁེལ་བྱས་ཡོད་པའི་རིགས་དང་ཁྱབ་ཁོངས། ཚད་བཅས་ལས་བརྒལ་མི་རུང་བ་དེ་ཡིན།

ཟས་རིགས་ཀྱི་སྦྱོར་རྟས་མི་ལུས་བདེ་ཐང་ལ་གནོད་པ་བཟོ་སྲིད་དམ།

རང་རྒྱལ་དུ་ཟས་རིགས་ཀྱི་སྦྱོར་རྟར་དོ་དམ་ལམ་ལུགས་ནན་མོ་བཙུགས་ཡོད་དེ། ཆོག་མཆན་ཐོབ་ནས་བེད་སྤྱོད་བྱེད་ཆོག་པའི་ཟས་རིགས་ཀྱི་སྦྱོར་རྟ་ཡོད་ཚད་ལ་བདེ་འཇགས་རང་བཞིན་གྱིས་དཔྱད་འཇོག་ནན་མོ་བྱས་ཡོད་པའི་དུས་མཚུངས་སུ། རང་རྒྱལ་གྱིས་ཟས་རིགས་ཀྱི་སྦྱོར་རྟ་ཚང་མར་ཡང་བསྐྱར་དཔྱད་འཇོག་བྱེད་པའི་ནང་རྐྱེན་ཆ་ཚང་བཙུགས་ཡོད་པས། དུས་ཐོག་ཏུ་ཞིབ་འཇུག་གི་གནས་ཚུལ་གསར་བ་ལྟར་སྦྱོར་རྟའི་སྣ་ཁ་དང་བཀོལ་སྤྱོད་ཀྱི་ཁྱབ་ཁོངས། ཚད་བཅས་ལེགས་སྒྲིག་བྱེད་ཆོག དེ་བས་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འཁེལ་ལྟར་ཟས་རིགས་ཀྱི་སྦྱོར་རྟ་བཀོལ་སྤྱོད་བྱས་ན་མི་ལུས་བདེ་ཐང་ལ་གནོད་པ་ཅི་ཡང་མེད།

དེས་ན་ཟས་རིགས་ཀྱི་སྦྱོར་རྟ་བཀོལ་སྤྱོད་བྱས་མེད་པའི་ཟས་རིགས་དེ་བདེ་འཇགས་ཡིན་ནམ་ཟེར་ན།

དེང་སྐབས་ཀྱི་ཟས་རིགས་ལས་སྣོན་བྱེད་པར་ཟས་རིགས་ཀྱི་སྦྱོར་རྟ་དེ་ངེས་པར་དུ་འབྲལ་ཐབས་མེད་པ་ཞིག་རེད། དེ་ཡང་ལུགས་མཐུན་སྒོས་བཀོལ་སྤྱོད་བྱས་ན་ཟས་རིགས་ཀྱི་བདེ་འཇགས་ཐད་ལ་འགན་སྲུང་བྱེད་ཐུབ་པ་ཞིག་ཡིན། སྦྱོར་རྟ་བཀོལ་སྤྱོད་བྱས་མེད་པའི་ཟས་རིགས་དེར་འཛད་སྤྱོད་པའི་དོ་སྣང་ཆེན་པོ་བྱེད་དགོས། ཟས་རིགས་ལ་ལར་རུལ་སུངས་འགོག་རྫས་བཀོལ་སྤྱོད་བྱེད་མི་དགོས་དེ། དཔེར་ན། ཟས་རིགས་ཁ་ཤས་ལ་མངར་ཆ་དང་ཚྭའི་རང་བཞིན་མཐོན་པོ་ལྡན་པས། སྐྱེ་དངོས་ཕྲ་རབ་འགོག་པའི་ནུས་པ་ཡོད་མོད། འོན་ཀྱང་མངར་ཆ་དང་ཚྭའི་རང་བཞིན་མཐོ་བའི་ཟས་རིགས་ཀྱིས་ཀྱང་བདེ་ཐང་ལ་གནོད་པ་བཟོ་སྲིད།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།