སྙིང་ཁམས་མ་བདེ་ན་དོན་ལྔ་སྣོད་དྲུག་ལ་གནོད་འཚེ་ཆེན་པོ་ཡོད།
2023.10.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག བཟོད་བསྲན་ཆེ་དྲགས་ན་མཁྲིས་ནད་འབྱུང་བ།

མཆིན་པ་དང་མཁྲིས་པ་གཉིས་ནི་མིའི་ལུས་སྟེང་གི་སྐྱིད་སྡུག་མཉམ་མྱོང་བྱེད་པའི“གཅེན་གཅུང”ལྟ་བུ་ཡིན་པས། དུས་ཡུན་རིང་པོར་སེམས་པ་སྡུག་གིས་མནར་བཞིན་བཟོད་བསྲན་བྱས་ན། མཁྲིས་ཁུ་ཐོན་པར་གནོད་འཚེ་ཐེབས་ཏེ་མཁྲིས་སྣོད་ཀྱི་གཉན་ཚད་འབྱུང་བ་རེད།

གཉིས། གནོན་ཤུགས་ཆེ་དྲགས་ན་སྙིང་རྩ་འགག་པ།

མིའི་སེམས་ཁམས་ཀྱི་གནོན་ཤུགས་ཆེ་དྲགས་ན། ཡུན་རིང་གི་གནོན་ཤུགས་འོག་ཁྲག་གི་གྲུབ་ཆ་ལ་འགྱུར་ལྡོག་འབྱུང་བ་དང་། ཆེས་དཔེ་མཚོན་ཅན་ནི་ཁྲག་ལེབ་ཆུང་བ་ཡིན། ཁྲག་རྩའི་ནང་གི་རིམ་པ་དང་པོ་ནི་ནང་ལྤགས་ཡིན་ལ། དེ་ནི་གྱང་ངོས་སུ་སྦྱར་ཡོད་པའི་གྱང་ཤོག་དང་འདྲ། དུས་ཡུན་རིང་པོའི་གནོན་ཤུགས་འོག་ནང་ལྤགས་ཀྱི་གྱང་ཤོག་ལ་གནོད་འཚེ་ཐེབས་ཏེ་ཁོགས་པར་གྱུར་ན། ཁྲ་ཐིག་གི“གྱང་ངོས”ཕྱིར་མངོན་པ་དང་། ཁྲག་རྡུལ་ནི་དེའི་སྟེང་དུ་འདུས་ནས་ཁྲག་དབལ་གྲུབ་སླ་བས། སྙིང་ལ་ཁྲག་དཀོན་པ་དང་ཚབས་ཆེ་ན་སྙིང་རྩ་འགག་པར་འགྱུར།

གསུམ། འདང་རྒྱག་རྒྱུ་མང་དྲགས་ན་ཕོ་བར་གནོད་པ།

ཕོ་བའི་ལས་འགན་ནི་ཟས་རིགས་འཇུ་བར་བྱེད་རྒྱུ་དེ་ཡིན་མོད། འོན་ཀྱང་ཕོ་རྒྱུ་ནི་སེམས་ཁམས་ཀྱི་ཤུགས་རྐྱེན་ཆེས་ཐེབས་སླ་བའི་དབང་བོའི་གྲས་ཀྱི་གཅིག་རེད། མིའི་སེམས་ཁམས་མི་ལེགས་པ་དེ་ཀླད་པར་ཁྱབ་རྗེས། མྱུར་དུ་ཕོ་རྒྱུའི་སྟེང་ཕྱིར་ལྡོག་བྱེད་སྲིད་པས། ཕོ་རྒྱུ་འགུལ་འདར་དང་ཟགས་ཐོན་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པ་དང་། ཕོ་རྒྱུ་རེངས་འཁུམ་དང་མི་བདེ་བའི་གནས་ཚུལ་གཞན་པ་འབྱུང་སྲིད།

བཞི། དུས་རྒྱུན་དུ་ཁོང་ཁྲོ་ལངས་ན་མཆིན་པར་གནོད་པ།

ཁོང་ཁྲོ་ལངས་རྒྱུར་དགའ་བའི་མིའི་རླུང་ཁྲག་གྱེན་དུ་འཕྱུར་བས། མཆིན་རླུང་ལ་གནོད་དེ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་སློང་སྲིད། ཆང་བག་མེད་དུ་འཐུང་བ་དང་གཉིད་ཆག་པ་སོགས་ཀྱིས་མཆིན་པའི་ཁུར་བོ་ཇེ་ལྗིད་དུ་གཏོང་བ་དང་། དེའི་ཁར་ད་དུང་ཁོང་ཁྲོ་ལངས་སླ་བ་ནི་མཆིན་པ་ལ་མཚོན་ན“མེ་ཐོག་ཏུ་སྣུམ་བླུག་པ”ལྟར་རོ།།

ལྔ། སེམས་ཁྲལ་ཆེ་དྲགས་ན་སྙིང་གི་དབང་རྩའི་ནད་འབྱུང་བ།

དུས་ཡུན་རིང་པོར་སེམས་ཁམས་མི་སྐྱིད་པའམ་ཡང་ན་གློ་བུར་དུ་སེམས་ཁམས་མི་སྐྱིད་པ་བྱུང་ན། མི་མང་པོ་ཞིག་ལ་བྲང་ཁོག་ན་བ་དང་དབུགས་འཚང་བ། སེམས་འཚབ་པ། སེམས་ཁྲལ་ཆེ་བ། གཉིད་མི་ཡོང་བ། སྐབས་འགར་སྙིང་གི་ལྡིང་ཚད་མགྱོགས་པ། རྔུལ་ཆུ་བཞུར་སླ་བ་སོགས་ཀྱི་གནས་ཚུལ་འབྱུང་། དེ་ནི་གཙོ་བོ་རྩི་ཤིང་དབང་རྩའི་བྱེད་ནུས་འཁྲུགས་པའི་དབང་གིས་སྙིང་དང་ཁྲག་རྩའི་མ་ལག་ལ་གནོད་པ་ཐེབས་པས་རེད། དེའི་འབྱུང་རྐྱེན་མང་ཆེ་བ་ནི་འཚོ་བར་ཆོས་ཉིད་མི་ལྡན་པ་དང་། གཉིད་མི་འདང་བ། བྱ་བར་བྲེལ་འཚུབ་ཆེ་བ། བསམ་བློར་གནོན་ཤུགས་ཆེ་བ་སོགས་ཡིན།

དྲུག སེམས་ལ་སྡུག་བསྔལ་ཆེ་ན་ནུ་སྐྲན་འབྱུང་བ།

བུད་མེད་རྣམས་རྒྱུན་དུ་ཁོང་ཁྲོ་དང་སེམས་སྡུག སེམས་ཁྲལ། སེམས་འཚབ་སོགས་ཀྱི་གནས་སུ་ལུས་ན། བསམ་བསེའུ་ཡི་ཁམས་ཕུད་ནུས་པ་ཇེ་ཞན་དང་། སྦྲུམ་ཐོན་ཇེ་ཉུང་དུ་འགྲོ་བ། མོ་གཤིས་སྐུལ་རྩིའི་ནུས་པ་ལྟོས་བཅས་ཀྱིས་ཇེ་མཐོར་འགྲོ་བ་སོགས་ཀྱི་དབང་གིས་ནུ་མའི་འཕར་སྐྱེ་དང་ནུ་སྐྲན་སོགས་འབྱུང་སྲིད།

བདུན། ཁོག་རྒྱ་ཆུང་ན་འབྲས་སྐྲན་འབྱུང་བ།

ཕོ་བའི་འབྲས་སྐྲན་དང་མཆིན་པའི་འབྲས་སྐྲན། མགོ་ནང་གི་སྐྲན་ནག་སོགས་ནི་ཁོང་ཁྲོ་ལངས་སླ་བ་དང་།“ཁོག་རྒྱ་ཆུང་བ”བཟོད་བསྲན་ཆེ་བ་སོགས་དང་འབྲེལ་བ་ཡོད་དོ། །

རྩོམ་སྒྲིག་པ། འབྲུག་མོ།