བང་ནང་དུ་རེད་པ་འབྱུང་བ་སྔོན་འགོག་བྱེད་ཐབས།
2023.10.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

བང་ནང་གི་རེད་པ་ནི་ད་ལྟའི་བར་བང་ནང་དུ་སྡོད་སྐབས་རྒྱུན་དུ་འབྱུང་བའི་ནད་ཅིག་ཡིན། བང་མས་བྱིས་པ་བཙས་རྗེས་མངལ་ལམ་གྱི་ཁ་ཕྱེ་ཡོད་པས་སྐྱེ་ལམ་ནང་གི་འཁྲི་སྐྱེས་འབུ་ཕྲ་མང་པོ་མངལ་ལམ་བརྒྱུད་ནས་མངལ་ཁོག་ཏུ་ཞུགས་པའམ་ཡང་ན་མངལ་སྐེའི་རྨ་ཁ་བརྒྱུད་ནས་མཚང་ཁོག་ནང་ཞུགས་སྲིད་པ་རེད། བཙས་གཞུག་ཏུ་བུ་སྣོད་ཕལ་ཆེ་བ་འབུ་ཕྲ་མེད་པར་གནས་པ་ཧ་ཅང་དཀའ་སྟེ། བང་མའི་ལུས་ཀྱི་རིམས་འགོག་ནུས་པ་ཚད་ངེས་ཅན་ཞིག་མར་བབས་ཡོད་པས། འབུ་ཕྲའི་དུག་ཤུགས་ཆེ་ཞིང་གྲངས་ཀ་མང་བའི་ཚེ། བང་ནང་དུ་རེད་པ་འབྱུང་བ་རེད། མངལ་ཆགས་སྐབས་གཙང་སྦྲ་མི་ལེགས་པ་དང་བཙའ་ཡུན་རིང་བ། མངལ་འདོན་གཤགས་བཅོས། བཙས་གཞུག་ཁྲག་ཤོར་བ། ཟུངས་ཁྲག་ཉམས་པ་སོགས་ཀྱིས་བང་མའི་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས་འབུ་ཕྲ་སྐྱེ་འཕེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་རེད། དེ་ལས་ཀྱང་མངལ་འདོན་གཤགས་བཅོས་ནི་རེད་པ་འབྱུང་སླ་བའི་རྒྱུན་མཐོང་གི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་རེད།

བང་ནང་དུ་སྡོད་སྐབས་རེད་པའི་ནད་ཕལ་ཆེར་བང་མའི་སྐྱེ་ལམ་ནང་ཡོད་པའི་འབུ་ཕྲ་ལས་བསྐྱེད་པ་རེད།

བང་ནང་རེད་པའི་མངོན་རྟགས་སུ་ནད་གདོན་སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་ལམ་བརྒྱུད་ནས་ལུས་ཀྱི་གནས་ཆ་ཤས་དང་ལུས་ཡོངས་ལ་ཁྱབ་ནས་རེད་པ་ཡོད་ཚད་ནང་དུ་འདུས་ཡོད།

གཅིག བང་ནང་སྐབས་ཀྱི་རེད་པའི་རིགས།

1.མཚན་ཕྱི། སྐྱེ་ལམ་དང་མངལ་སྐེའི་མྱུར་བའི་རང་བཞིན་གྱི་ཚ་ནད། མཚན་དཔྲག་དང་སྐྱེ་ལམ་ནང་གི་རྨ་ཁ་ནི་རྒྱུན་མཐོང་གི་རྨ་ཁ་འབྱུང་སའི་གནས་ཡིན། རེད་པའི་གནས་སུ་དམར་སྐྲངས་ཆགས་པ་དང་ན་ཞིང་ཚ་བ། རེག་ན་ན་ཟུག་ལྡང་ཞིང་རྣག་ཁྲག་རང་བཞིན་གྱི་ཟགས་ཐོན་རྫས་འབྱུང་བ། རྨ་ཁ་གས་ཤིང་རྣག་སྐྲངས་ཡོད་པ་ཡིན།

2.བུ་སྣོད་ཚ་ནད། སྐྱེ་དངོས་ཕྲ་རབ་དག་བུ་སྣོད་ལྡེབས་ཀྱི་བུ་རོགས་བཤུས་པའི་ངོས་ནས་ལུས་ནང་ཞུགས་པ་དང་རྒྱ་བསྐྱེད་པ་རེད། བུ་སྣོད་ནང་དུ་རྣག་ཁྲག་རང་བཞིན་གྱི་ཟགས་ཐོན་རྫས་མང་པོ་སྐྱེ་ལམ་བརྒྱུད་ནས་ཕྱིར་འབབ་ཅིང་དྲི་ངན་བྲོ་བ། བུ་སྣོད་རང་སར་གནས་པ་མི་བཟང་ལ་བུ་སྣོད་ཅུང་ཆེ་ཞིང་མནན་ཚེ་ན་ཟུག་ལྡང་བ། ནད་པར་ད་རུང་ཚ་རྒྱས་ཤིང་མགོ་ན་བ། ཕྲ་ཕུང་དཀར་པོ་ཇེ་མང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཡོད་སྲིད།

3.མྱུར་བའི་རང་བཞིན་གྱི་མཚང་ཁོག་ཚ་ནད། སྐྱེ་དངོས་ཕྲ་རབ་དག་བུ་སྣོད་ནང་དུ་ཚང་བཅོས་ནས་རྨེན་བུའི་སྦུ་གུ་བརྒྱུད་ནས་རྒྱ་བསྐྱེད་པ་དང་། ཁམས་འདྲེན་སྦུ་གུ་དང་བསམ་སེའུ། ཐ་ན་མཚང་ཁོག་གི་གནས་སོ་སོ་རུ་ཁྱབ་འགྲོ། ནད་པར་རྒྱུན་མཐུད་ཀྱིས་ཚ་རྒྱས་པ་དང་། གྲང་འདར་རྒྱག་པ། གསུས་པ་ན་བ། གསུས་པ་སྦོས་པ། གསུས་ཆུང་གྲུམ་ཤིང་མནན་ན་ན་ཟུག་ལྡང་བ། མཚང་ཁོག་ནང་བརྟག་དཔྱད་བྱས་ན་སྐྲངས་འབུར་ཡོད་པ་ཤེས་ཐུབ། རྫས་བརྟག་བྱས་ན་ཕྲ་ཕུང་དཀར་པོ་ཇེ་མཐོར་སོང་ཡོད་པ་རེད།

4.རེད་པས་བསྐྱེད་པའི་བླ་གཉན་ནད། གོང་གི་རེད་པའི་ནད་ཚུལ་དུས་ཐོག་ཏུ་འགོག་བཅོས་བཟང་བོ་མ་བྱུང་ཚེ་དེ་ལས་ཚབས་ཆེ་བའི་གསུས་སྐྱིའི་ཚ་ནད་དང་ཁྲག་རེངས་རང་བཞིན་གྱི་སྡོད་རྩའི་ཚ་ནད། རྣག་དུག་ཁྲག་ནད། ཁྲག་རྒུད་ནད་དུ་འགྱུར་ལ། ནད་པར་ཡང་དང་རིམ་པས་ཚ་རྒྱས་པ་དང་གྲང་འདར་རྒྱག་པ་སོགས་ལུས་ཡོངས་ལ་དུག་ཕོག་པའི་ནད་རྟགས་འབྱུང་ཞིང་ནད་བབ་ཉེན་ཁ་ཆེ་ཞིང་ནད་གཞི་ཚབས་ཆེན་དུ་འགྱུར་བ་ཡིན།

བང་ནང་དུ་རེད་པའི་བརྟག་དཔྱད་དང་སྨན་བཅོས་བྱེད་པར་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་ལག་ལེན་བྱེད་དགོས་ལ་ནད་ཅུང་ལྕི་ན་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་དགོས།

གཉིས།  བང་ནང་རེད་པ་སྔོན་འགོག་བྱེད་ཐབས།

མངལ་ཆགས་དུས་བདེ་ཐང་སློབ་གསོར་སློབ་སྦྱོང་བྱས་ནས་མངལ་ཆགས་དུས་ཀྱི་བདེ་སྲུང་བྱ་བ་ལེགས་པར་སྒྲུབ་དགོས་ལ་སྐྱེ་ལམ་གཙང་སྦྲར་དོ་སྣང་བྱེད་དགོས།

1.རང་ཉིད་ལ་འཕྲོད་བསྟེན་གོམས་གཤིས་བཟང་པོ་ཞིག་ཆགས་དགོས།

2.ཕྲུ་གུ་མ་བཙས་གོང་གི་ཟླ་གཉིས་རིང་ཁྲུས་གཞོང་ནང་ལུས་པོ་མི་བཀྲུ་བ་དང་ཉལ་པོ་སྤྱོད་མི་རུང་།

3.མངལ་ཆགས་སྐབས་སུ་བྱུང་བའི་ཁྲག་ཞན་པ་དང་ཁོང་ནད། དེ་མིན་རེད་པའི་ནད་ཚང་སྣ་ཚོགས་ཏེ་དཔེར་ན་སྐྲངས་ཐུམ་ཐོར་བ་དང་སྐྲངས་པ། སོ་མཐའི་གཉན་ཚད་སོགས་ཧུར་ཐག་གིས་སོས་ཐབས་བྱ་དགོས།

4.ཆ་རྐྱེན་འཛོམས་པའི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བ་དང་དར་སྤེལ་བྱས་ཏེ་དུག་སེལ་ནན་མོ་དང་ཞབས་ཞུ་ཚད་ལྡན་ཡིན་པའི་སྨན་ཁང་གི་ཞབས་ཞུ་འོག་བཙའ་དགོས།

5.སྨན་གཞུང་གི་མཛུབ་སྟོན་རྟགས་མཚན་མེད་ན་དགོས་མེད་ཀྱི་གཤགས་བཅོས་ཇེ་ཉུང་དུ་བཏང་ནས་རང་བྱུང་དུ་བཙའ་བ་དང་དར་སྤེལ་བྱས་ན་རིམས་ཐར་ནུས་པ་ཇེ་ལེགས་གཏོང་རྒྱུ་དང་ཕུང་གྲུབ་ལ་གནོད་པ་མི་ཐེབས་པ། ཁྲག་མི་བརྡོལ་བ་བཅས་ལ་ཕན།

6.བང་ནང་དུ་སྡོད་སྐབས་སྐྱེ་ལམ་ལ་གཙང་སྦྲ་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ། ཉིན་རྒྱུན་ཐེངས་གཅིག་ནས་གཉིས་རེར་དུག་སེལ་གཤེར་ཁུ་དང་ཡང་ན་ཆུ་དྲོན་མོས་གཙང་མར་བཀྲུ་བ་རྒྱུན་འཁྱོངས་བྱེད་དགོས། རབ་ཡིན་ན་འཕྲོད་བསྟེན་ཤོག་བུ་སོགས་ལ་འོས་འཚམ་གྱིས་དུག་སེལ་བྱེད་པ་དང་ཡང་ན་ཉི་མར་ལྡེ་རྗེས་བཀོལ་ན་བཟང་།

7.སྙིགས་མ་འབབ་དུས་ཉིན་རེར་སྙིགས་མའི་མང་ཉུང་དང་ཁ་དོག དྲི་མ་བཅས་ལ་མཉམ་འཇོག་དགོས། གལ་ཏེ་དྲི་མ་ངན་པ་ཡོད་ཚེ་མྱུར་དུ་སྨན་པར་འབྲེལ་གཏུགས་བྱེད་དགོས།

8.ཉིན་རེར་བུ་སྣོད་རང་སར་ལོག་པའི་གནས་ཚུལ་དང་མར་མནན་ཚེ་ན་ཟུག་ལྡང་མིན། ལུས་ཀྱི་དྲོད་ཚད་བཅས་ལ་བརྟག་དགོས།

9.རེད་པར་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཅིག་དང་ཡང་ན་མང་པོ་ཡོད་མཁན་ཏེ། དཔེར་ན། གཤགས་བཅོས་བྱས་ནས་བཙས་པ་དང་ཟུངས་ཁྲག་ཞན་པ་ཚབས་ཆེ་བ། མགོ་ཆུ་སྔར་བརྡོལ་སོགས་བྱུང་མཁན་ལ་སྔོན་འགོག་བྱེད་ཆེད་སྨན་པའི་ངག་བཀོད་ལྟར་སྲིན་འགོག་རྒྱུ་བཀོལ་དགོས།

《བང་མའི་བདེ་སྲུང་ཤེས་བྱ》ཞེས་པའི་དེབ་ཆུང་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།