ནུ་མའི་འབྲས་སྐྲན་གྱི་ཐོག་མའི་ནད་གཞིར་བརྟག་དཔྱད་དང་གསོ་བཅོས་བྱེད་ཐབས། ཁག་དང་པོ།
2023.11.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

དང་པོ། སྤྱིར་བཤད།

ནུ་མའི་འབྲས་སྐྲན་ནི་བུད་མེད་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། དེས་རང་རྒྱལ་དུ་སྐྲན་ནད་སྣ་ཚོགས་ཀྱི་བརྒྱ་ཆའི་བདུན་ནས་བརྒྱ་ཆའི་བཅུ་ཟིན་པ་དང་། འཛམ་གླིང་ཡོངས་སུ་ལོ་རེར་བུད་མེད་ཁྲི་བརྒྱ་དང་ཉི་ཤུ་ཙམ་ལ་ནུ་མའི་འབྲས་སྐྲན་འབྱུང་བཞིན་ཡོད་ཅིང་དེའི་ཁྲོད་ཀྱི་ཁྲི་ལྔ་བཅུ་ལྷག་ཤི་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བུད་མེད་ལ་འབྲས་སྐྲན་ནད་འབྱུང་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས། བུ་སྣོད་ཁ་སྦུབས་ཀྱི་སྐྲན་ནད་ལས་ཀྱང་མང་བ་རེད། ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ས་ཁུལ་རང་བཞིན་གྱི་ཁྱད་པར་མངོན་གསལ་ལྡན་པ་སྟེ། ཡོ་རོབ་གླིང་དང་མེ་གླིང་ས་ཁུལ་དེ། ཨེ་ཤ་ཡ་དང་ཡོ་རོབ་གླིང་ལས་འབྱུང་ཚད་མཐོ་བ་དང་། ཨ་མེ་རི་ཁར་འབྱུང་ཚད་ཆེས་མཐོ་བ་རེད། རང་རྒྱལ་དུ་སྡོམ་རྩིས་བྱས་པ་ལྟར་ན། ཧྲང་ཧེ་དང་ཐེན་ཅིན། པེ་ཅིན་བཅས་ནི་ནུ་མའི་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་བའི་གྲོང་ཁྱེར་ཡིན།

ནུ་མའི་འབྲས་སྐྲན་གྱི་ནད་འབྱུང་བའི་ལོ་ཚོད་ནི་ཐོག་མའི་ཟླ་མཚན་མ་ཡོང་བའི་སྔོན་དུ་ཧ་ཅང་ཉུང་ལ། ལོ་ཉི་ཤུའི་རྗེས་སུ་མྱུར་དུ་ཇེ་མང་དུ་འགྲོ་བ་དང་། ལོ་ཞེ་ལྔ་ནས་ལོ་ལྔ་བཅུའི་བར་ཅུང་མཐོ་ཞིང་། ཟླ་མཚན་ཆད་པའི་རྗེས་སུ་མུ་མཐུད་དུ་འཕར་ལ། ལོ་དྲུག་ཅུ་ནས་བདུན་ཅུར་ཐོན་དུས་ཆེས་ཚབས་ཆེ་བ་ཡིན། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལྟར་ན། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་དང་ཟླ་མཚན་ཆད་པའི་ལོ་ཚོད་དེ་ནུ་མའི་འབྲས་སྐྲན་འབྱུང་བ་དང་འབྲེལ་བ་ཡོད་པ་སྟེ། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་དེ་ལོ་བཅུ་གཉིས་ལ་མ་བུད་སྔོན་དང་ཟླ་མཚན་ཆད་པའི་ལོ་ཚོད་དེ་ལོ་ང་གཉིས་རྗེས་ཡིན་པའི་བུད་མེད་རྣམས་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་ལོ་བཅོ་ལྔ་དང་ཟླ་མཚན་ཆད་པའི་ལོ་ཚོད་ལོ་ཞེ་ལྔའི་སྔོན་ཡིན་པའི་བུད་མེད་ལས་ལྡབ་གཅིག་ནས་གཉིས་གཉིས་ཀྱིས་མཐོ་བ་རེད། ཚེ་གང་བོར་མངལ་སྦྲུམ་མ་མྱོང་བ་དང་ནུ་མའི་གཤེར་རྨེན་དེ་འདྲ་རྒྱས་མེད་པའི་བུད་མེད་དེ་མངལ་སྦྲུམ་མྱོང་བའི་བུད་མེད་ལས་ལྡབ་གཅིག་དང་གྲངས་ཆུང་ལྔ་ཡིས་མཐོ་བ་རེད། ཐོག་མར་བྱིས་པ་སྐྱེ་བའི་ལོ་ཚོད་ནི་ལོ་སུམ་ཅུར་བུད་མེད་ན་ནུ་མའི་འབྲས་སྐྲན་སྔོན་འགོག་བྱེད་པའི་ནུས་པ་ཡོད་ལ། སྐྱེས་ཐེངས་གཉིས་པ་དང་དེའི་རྗེས་སུ་སྐྱེས་ན་འགོག་ནུས་མེད་པ་རེད། བུད་མེད་ཀྱི་ཨ་མ་དང་ནུ་མོའམ་ཨ་ཅེ་ལ་ནུ་མའི་འབྲས་སྐྲན་བྱུང་མྱོང་ན་དེར་འབྱུང་བའི་ཉེན་ཁ་ནི་རྒྱུན་ལྡན་གྱི་མི་ལས་ལྡབ་གཉིས་ནས་གསུམ་མཐོ་བ་རེད། ལོ་ན་ཆེ་བའི་དུས་སུ་མོ་གཤིས་སྐུལ་རྩིའི་རིགས་ཀྱི་སྨན་རྒྱུན་དུ་འཐུང་པ་དང་དེ་མིན་ཟླ་མཚན་ཆད་པའི་རྗེས་སུ་ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་བས་ནུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་འབྱུང་ལ། ཟླ་མཚན་ཆད་པའི་སྔོན་ལ་ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་བ་དེ་ནུ་མའི་འབྲས་སྐྲན་འབྱུང་བ་དང་འབྲེལ་བ་མེད། དེ་ལས་གཞན་ལུས་པོ་ཚོ་ན་འོ་མ་འབབ་པའི་སྐུལ་རྒྱུ་ལའང་གནོད་པ་ངེས་ཅན་ཡོད། ཞག་ཚིལ་མང་དུ་ཟ་བའི་མི་ཚོན་པོའི་ཁྲག་ནང་གི་འོ་མའི་སྐུལ་རྒྱུ་མཐོ་བ་དེ་ནུ་མའི་འབྲས་སྐྲན་འབྱུང་བའི་ནད་པ་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཡིན་པར་སྙམ།

གོང་དུ་གསལ་བཤད་བྱས་པ་ལས་ནུ་མའི་འབྲས་སྐྲན་འབྱུང་བ་དེ་མོ་གཤིས་སྐུལ་རྒྱུ་འགྱུར་བ་དང་ཞག་ཚིལ་ཅན་གྱི་ཟས་རིགས་ཟ་བ། ནད་དུག རྒྱུད་འཛིན། ནད་འགོག་ནུས་པ་དང་དེ་མིན་སྐྱེ་ཁམས་ཁོར་ཡུག་ལ་སོགས་པ་དང་འབྲེལ་བ་ཡོད་པ་ཤེས་ཐུབ།

ཟླ་མཚན་འབབ་སྐབས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

ཟླ་མཚན་ཡོང་བའི་སྐབས་སུ། ནུ་མའི་གཤེར་རྨེན་གྱི་ཕྱི་ངོས་སུ་འགྱུར་ལྡོག་མངོན་གསལ་མེད་རུང་། གཤེར་རྨེན་ནང་དུ་འགྱུར་ལྡོག་ཡོད་པ་སྟེ། ཟླ་མཚན་ཡོང་བའི་སྔོན་དུ་གཤེར་རྨེན་འཁྲུག་པོར་འགྱུར་པ་དང་ནུ་རྩ་ཇེ་ཆེར་རྒྱས་པ། ནུ་མའི་ནང་འོ་མ་བསགས་པས་ནུ་མ་རྒྱས་བའི་སྣང་བ་ཡོད། ཟླ་མཚན་ཡོང་བའི་སྐབས་དང་ཡང་ན་ཆད་རྗེས་གོང་གི་སྣང་ཚུལ་དེ་མེད་པར་འགྱུར་སྲིད་པས་སྐྲན་ནད་དུ་འགྱུར་མི་སྲིད།

མངལ་ཆགས་པ་དང་ནུ་མ་ལྡུད་པའི་སྐབས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

མངལ་ཆགས་ནས་གཟའ་འཁོར་ལྔ་ནས་དྲུག་གི་སྐབས་སུ། མོ་གཤིས་སྐུལ་རྩི་མང་བའི་དབང་གིས་གཤེར་ཁུ་ཇེ་མང་དུ་འགྲོ་བ་དང་ནུ་མགོ་རྒྱས་ཤིང་ནུ་དྲག་ཇེ་ཆེར་འགྱུར་པ། བྱིས་པ་སྐྱེས་རན་བར་དུ་ནུ་རྩ་རྒྱས་ཤིང་གཤེར་ཁུ་ཇེ་འབག་ཏུ་འགྲོ་སྲིད། བྱིས་པ་བཙས་ནས་ཉིན་གསུམ་ནས་བཞི་ཡི་རྗེས་སུ་གཤེར་ཁུ་ཇེ་མང་དུ་འགྲོ་ཞིང་འོ་སྤྲི་ཇེ་མང་དུ་འགྱུར་ངེས། ནུ་མ་ལྡུད་མཚམས་བཞག་རྗེས་གོང་གི་ནད་རྟགས་མེད་པར་འགྱུར་འགྲོ།

ཟླ་མཚན་ཆད་རྗེས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

བུད་མེད་ཀྱི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་གྱུར་པར་བསྟུན་ཏེ། ཁམས་དམར་ཆད་པ་དང་གཤེར་རྨེན་ཡང་ཇེ་ཉུང་དུ་གྱུར་པ་རེད། ཟླ་མཚན་ཆད་ལ་ཡོད་པའི་སྐབས་སུ་གཤེར་ཁུ་མང་བ་དང་ནུ་རྩ་རྒྱས་པའི་རྟགས་ཡོད་ལ། ནང་སྒོས་སུ་ནུ་མའི་གཤེར་རྨེན་རྒྱས་པ་དེ་འདྲ་མི་བཟང་ཞིང་བྱིས་པ་མ་བཙས་པའི་བུད་མེད་ལ་འབྱུང་བ་རེད། ཟླ་མཚན་ཆད་པའི་རྗེས་སུ་གཤེར་ཁུ་ཇེ་ཉུང་དུ་སོང་བ་དང་ནུ་རྩ་ཇེ་ཕྲ་རུ་གྱུར་ནས་གོང་གི་ནད་རྟགས་མེད་པ་རེད། ཟླ་མཚན་ཡོངས་སུ་ཆད་རྗེས་གཤེར་ཁུ་ཇེ་ཉུང་དུ་སོང་ནས་ཚིལ་ཞག་ཏུ་འགྱུར་པ་དང་། ནུ་མ་ཐུར་དུ་དཔྱངས་ཤིང་སྙི་མོར་འགྱུར་པ། ནུ་རྩ་དང་ཁྲག་རྩ་ཇེ་ཞན་དུ་འགྱུར་པ་དང་འགག་པས་ནུ་མའི་འབྲས་སྐྲན་འབྱུང་བ་རེད།

གཉིས་པ། ནུ་མའི་འབྲས་སྐྲན་གྱི་བྱུང་རིམ་དང་གནས་གཞན་དུ་མཆེད་ཚུལ།

གཅིག བྱུང་རིམ། ནུ་མའི་འབྲས་སྐྲན་བྱུང་བ་མང་ཆེ་ཤོས་གཤེར་རྩའི་སྟོད་ཀྱི་ཕྲ་ཕུང་ཡིན་ལ། བརྒྱ་ཆའི་ལྔ་ཙམ་གཤེར་ཁུ་ལས་བྱུང་བ་རེད། སྤྱིར་ནུ་མ་གཅིག་ལ་འབྲས་སྐྲན་འབྱུང་བ་མང་མོད། འོན་ཀྱང་ལ་ལར་ནུ་མ་གཉིས་ཀར་འབྱུང་བའང་ཡོད། སྐྲན་ནད་དེ་ཐོག་མར་རྩ་ལམ་བརྒྱུད་ནས་མཆེད་པ་དང་། རྩ་ལམ་ནང་དུ་མ་འགགས་ན་ཡར་མར་ལ་མི་མཆེད་ལ། རྩ་ལམ་དུ་འགགས་ནས་ཡར་མར་ལ་མཆེད་ན་ཆེ་ཆུང་མི་འདྲ་བའི་རྡོག་པོར་གྱུར་ནས་སྐྲན་དུ་འགྱུར་བ་རེད།

སྐྱེ་དངོས་རིག་པའི་ཞིབ་འཇུག་དང་ནད་ཐོག་བརྟག་དཔྱད་ལས་ཤེས་པ་ལྟར་ན། ཆེ་ཆུང་ལ་མུས་བཅུ་ཡོད་པའི་སྐྲན་གྱི་ཕྲ་ཕུང་ཞིག་ཚངས་ཐིག་ལ་ལིས་མུས་གཅིག་ཅན་དུ་གྱུར་ན་མ་མཐའ་ཡང་ལོ་གཉིས་དགོས་པ་ཤེས། ད་དུང་མཁས་པ་ལ་ལས་ནུ་མའི་གཤེར་རྨེན་གྱི་སྐྲན་གྱི་ཕྲ་ཕུང་ཞིག་སྐྱེས་ནས་ཆེ་ཆུང་ལ་ལིས་མུས་གཅིག་ཅན་དུ་གྱུར་ན་ཕལ་ཆེར་ལོ་ལྔ་ནས་བརྒྱད་བར་དང་ཐ་ན་ལོ་བཅུ་དགོས་ཟེར། དེ་ནི་ཅུང་བའི་དུས་ཡུན་ཞིག་ཡིན་པས་དུས་སྔ་མོ་ནས་ནུ་མའི་འབྲས་སྐྲན་ལ་བརྟག་དཔྱད་བྱེད་པར་དུས་ཚོད་ཡོད་པ་རེད། སྐྲན་རྡོག་ཇེ་ཆེར་གྱུར་པ་དང་བསྟུན་ཏེ་ནུ་མའི་གཡས་གཡོན་དུ་ཁྲག་འདོན་པའི་ནུས་པ་མི་འདང་བས་སྐྲན་རྡོག་རྩ་ལམ་ནང་དུ་འགགས་ནས་རུལ་བ་དང་ཐ་ན་རྣག་ཀྱང་སྲིད། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་ཁྲག་རྒྱུན་བརྒྱུད་ནས་གཡས་གཡོན་དུ་མཆེད་སྲིད།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། །

ཡིག་སྒྱུར་བ། འབྲུག་མོ།