གྲིབ་ནད་ངོས་འཛིན་དང་སྔོན་འགོག་བྱེད་ཐབས།
2023.11.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གྲིབ་ནད་ནི་རྒན་པའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་མྱུར་བའི་རང་བཞིན་གྱི་ཀླད་པའི་ཁྲག་རྩའི་ནད་ཅིག་ཡིན་ལ། ཀླད་པའི་ཁྲག་རྩ་གློ་བུར་གས་པའམ་ཡང་ན་འགག་པའི་དབང་གིས་ཀླད་པའི་ཕྲ་ཕུང་ལ་རྨས་སྐྱོན་ཐེབས་ནས་བྱུང་བ་ཞིག་རེད། གྲིབ་ནད་ལ་འབྱུང་ཚད་མཐོ་ཞིང་བསྐྱར་འཕར་གྱི་ཚད་མཐོ་བ། སྐྱོན་ཅན་དུ་འགྱུར་ཚད་མཐོ་བ། ཤི་ཚད་མཐོ་བ། དཔལ་འབྱོར་འགྲོ་སྒོ་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྔ་ལྡན་ཞིང་། རྐང་ལག་ཞ་བ་དང་སྐད་ཆ་རྡབ་རྡིབ་སྨྲ་བ། ཟས་རིགས་མིད་དཀའ་བ། རིག་པ་མི་གསལ་བ། ཡི་མུག་པ་སོགས་ཀྱི་ནད་རྟགས་མངོན།

གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོར། འཛམ་གླིང་ཡོངས་སུ་བསྡོམས་པས་གྲིབ་ནད་ཕོག་པའི་ནད་པ་གསར་པ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གཉིས་་ཙམ་ཡོད་ལ། ནད་པའི་གྲངས་ཀ་ཕལ་ཆེར་དུང་ཕྱུར་གཅིག་ལྷག་ཡོད། གྲིབ་ནད་ཀྱིས་ཤི་བའི་མི་ས་ཡ་དྲུག་དང་འབུམ་ལྔ་ཁྲི་ལྔ་ཙམ་ཡོད་པ་དང་། ཤི་བའི་སྤྱི་གྲངས་ཀྱི11.6%ཟིན་པས། གྲིབ་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་ཤི་རྐྱེན་གྱི་ཨང་གཉིས་པ་ཟིན་ཏེ། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁུར་བོ་ཞིག་ཏུ་གྱུར་ཡོད།

གྲིབ་ནད་འབྱུང་རྐྱེན་ལ་རྣམ་པ་སྣ་ཚོགས་ཡོད་དེ། དཔེར་ན་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཡོད་པ། ཁྲག་ཚིལ་རྒྱུན་ལྡན་མིན་པ། ཐ་མག་འཐེན་པ་དང་ཆང་བག་མེད་དུ་འཐུང་བ། བཟའ་བཏུང་ལུགས་མཐུན་མིན་པ། ལུས་པོར་ཚོ་རྒྱས་པ། ལུས་སྦྱོང་མི་བྱེད་པ། སེམས་ཁམས་མི་སྐྱིད་པ་སོགས་ཡོད་ལ། དེ་མིན་ད་རུང་གྲིབ་ནད་ཕོག་མྱོང་བའམ་ཡང་ན་ཁྱིམ་རྒྱུད་དུ་གྲིབ་ནད་ཕོག་མཁན་ཡོད་པ་སོགས་ཀྱི་མི་ཚོགས་ལ་གྲིབ་ནད་ཕོག་པའི་ཉེན་ཁ་མངོན་གསལ་གྱིས་མཐོ་བ་རེད།

ཉེ་བའི་ལོ་འདི་འགར་བྱུང་བའི་གྲིབ་ནད་ནད་པ་མང་ཆེ་ཤས་ལ་ཚོ་རྒྱས་པ་དང་ཐ་མག་འཐེན་པ། ཆང་འཐུང་བ། མཚན་སྐྱེལ་བ་སོགས་ཀྱི་འཚོ་བའི་གོམས་སྲོལ་ངན་པ་མང་ཞིང་དེ་དག་གི་ནང་དུ་ན་གཞོན་དང་རྒན་པ་ཤིན་ཏུ་མང་།

གྲིད་ནད་སྔོན་འགོག

གྲིབ་ནད་ནི་འཚོ་བ་རོལ་སྟངས་དང་ཁོར་ཡུག རྒྱུད་པ་སོགས་ཀྱི་རྐྱེན་མང་པོ་ཞིག་གིས་བསླངས་པའི་ནད་རིགས་ཤིག་ཡིན་ལ། ནད་ཐོག་ཞིབ་འཇུག་འབོར་ཆེན་ལས་ཤེས་པ་ལྟར་ན། གྲིབ་ནད་ནི་སྔོན་འགོག་བྱེད་ཐུབ་པ་ཞིག་ཡིན་པས། དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་རྣམས་ཀྱིས་གཤམ་གྱི་འདི་དག་ལ་མཉམ་འཇོག་དགོས།

གཅིག རང་ཉིད་ལ་དོ་དམ་བྱེད་པ། ནད་རྙིང་གསོ་བཅོས་ལེགས་པོ་བྱེད་པ་དང་། ཐ་མག་འཐེན་པ་དང་ཆང་འཐུང་བ། མཚན་སྐྱེལ་བ་སོགས་ཀྱི་འཚོ་བའི་གོམས་སྲོལ་ངན་པ་བཅོས་བསྒྱུར་བྱེད་དགོས་པར་མ་ཟད། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས།

གཉིས། ཁྲག་ཤེད་ཚོད་འཛིན་བྱེད་པ། ཁྲག་ཤེད་མཐོ་བའི་ནད་པས་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལྟར་དུས་བཅད་ནང་ཁྲག་ཤེད་འཇལ་དགོས་པར་མ་ཟད། སྨན་པའི་ངག་བཞིན་སྨན་བསྟེན་དགོས།

གསུམ། ཁྲག་ཧྭགས་ཚོད་འཛིན་བྱེད་དགོས། གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་མི་ཆེ་བའི་མིས་ལོ40ཡན་ལ་བུད་རྗེས་ད་གཟོད་བརྟག་བཤེར་བྱས་པས་ཆོག་ལ། གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་ཆེ་བའི་མིས་དུས་བཅད་ལྟར་ཁྲག་ཧྭགས་ལ་བརྟག་དགོས་པར་མ་ཟད་གསོ་བཅོས་ལེགས་པོ་བྱེད་དགོས།

བཞི། ཁྲག་ཚིལ་ཚོད་འཛིན་བྱེད་པ། ཁྲག་ཚིལ་མཐོ་བའི་མི་ལ་སྤྱིར་བཏང་གིས་ནད་རྟགས་གང་ཡང་མེད་པས། ཁྲག་ཚིལ་ལ་མ་བརྟགས་ན་ཁྲག་ཚིལ་མཐོ་བ་ཤེས་མི་ཐུབ། ལོ40ཡན་གྱི་སྐྱེས་པ་དང་ཟླ་མཚན་ཆད་རྗེས་ཀྱི་བུད་མེད་རྣམས་ཀྱིས་ལོ་རེར་ཁྲག་ཚིལ་ལ་ཐེངས་གཅིག་རེར་བརྟག་དགོས།

ལྔ། ཐ་མག་གཅོད་པ། ཐ་མག་ལ་གནོད་པ་ལས་དགེ་མཚན་གང་ཡང་མེད་པས། མི་སུ་ཞིག་ཡིན་རུང་རང་འགུལ་གྱིས་ཐ་མག་དང་རིང་དུ་གྱེས་དགོས་པར་མ་ཟད། ཐ་མག་འཐེན་གྱིན་པའི་མི་དང་ཡང་རིང་དུ་གྱེས་དགོས།

དྲུག ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། ལུས་པོ་ཚོ་དྲགས་ན་འཚོ་བའི་གོམས་སྲོལ་ལེགས་སྒྱུར་བྱེད་པ་དང་བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ། ལུས་སྦྱོང་འོས་འཚམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲིབ་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

བདུན། བདེ་ཐང་གི་བཟའ་བཏུང་སྤྱོད་པ། ཟས་རིགས་སྣ་མང་བསྟེན་པ་དང་། ཚྭ་དང་སྣུམ་ཉུང་དུ་བསྟེན་པ། མཁྲིས་རྒྱུ་གཤེར་རྩི་དང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་བསྟེན་པར་ཚོད་འཛིན་བྱེད་དགོས་པར་མ་ཟད་ཆང་ཉུང་འཐུང་བྱེད་དགོས།

བརྒྱད། ལུས་སྦྱོང་འོས་འཚམ་བྱེད་པ། འཆམ་འཆམ་དུ་འགྲོ་བ་དང་དལ་གྱིས་རྒྱུག་པ། ཐའེ་ཅི་དྲག་རྩལ་སྦྱོང་བ། ལྕགས་རྟར་ཞོན་པ་སོགས་ཀྱི་དབྱང་ལྡན་ལུས་སྦྱོང་འོས་འཚམ་བྱེད་དགོས།

དགུ། ནད་རྙིང་གསོ་བཅོས་བྱེད་པ། སྙིང་རྩ་འགག་པ་དང་སྒོར་མཐའི་འཕར་རྩའི་ནད་པར་གྲིབ་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆེ་བས། དུས་བཅད་ལྟར་བརྟག་བཤེར་བྱས་ཏེ་ཧུར་ཐག་གིས་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེའོ། །

གྲིབ་ནད་ཀྱི་གནོད་འཚེ།

གྲིབ་ནད་ནི་ཕོག་ཚད་མྱུར་ཞིང་འཕེལ་ཚད་མགྱོགས་པ་ཞིག་ཡིན་པས། ཀླད་པར་དབྱང་རླུང་གིས་མ་འདང་བར་སྐར་མ་དྲུག་འགོར་ན་ཤི་ཉེན་ཆེ་བ་དང་། གསོ་བཅོས་ལ་སྐར་མ་གཅིག་གིས་འགོར་འགྱངས་ཐེབས་ནའང་ཀླད་པའི་ཕྲ་ཕུང་ས་ཡ་གཅིག་དང་འབུམ་དགུ་རེ་ཤི་བཞིན་ཡོད་པས། འགུལ་སྐྱོད་བྱེད་པ་དང་སྐད་ཆ་བཤད་པ་སོགས་ཀྱི་བྱེད་ནུས་ཀྱང་དེ་མ་ཐག་ཏུ་ཉམས་འགྲོ་བ་རེད། དེ་བས་གྲིབ་ནད་ཀྱི་ནད་རྟགས་མངོན་རྗེས་མྱུར་བ་མྱུར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་ལེགས་པོ་བྱེད་དགོས།

འོ་ན་དུས་རྒྱུན་གྱི་འཚོ་བའི་ཁྲོད། གྲིབ་ནད་ཀྱི་ནད་རྟགས་ལ་ངོས་འཛིན་བྱེད་དགོས་སམ་ཞེ་ན། ཚང་མས་གཤམ་གྱི་འདི་དག་ལ་མཉམ་འཇོག་དགོས་པ་སྟེ།

གཅིག ཁ་ངོ་གཅུས་པ།

གཉིས། དཔུང་བ་གཉིས་ལས་གཅིག་ལ་ཤེད་ཤུགས་མེད་པ།

གསུམ། སྐད་ཆ་རྡབ་རྡིབ་སྨྲ་བ་བཅས་ཡིན་ལ།

གོང་གི་ནད་རྟགས་དེ་དག་ལས་གཅིག་བྱུང་ན་གྲིབ་ནད་ཕོག་པའི་རྟགས་ཡིན་པས། ཁྱིམ་མིས་མྱུར་དུ120ལ་ཁ་པར་བཏང་ནས་མྱུར་སྐྱོབ་བྱེད་དགོས།

ནད་རྟགས་བྱུང་རྗེས་ཀྱི་དུས་ཚོད་བཞི་ནས་དྲུག་གི་བར་ནི་གསོ་བཅོས་བྱེད་པའི་དུས་ཡུན་ཆེས་བཟང་པོ་དེ་ཡིན། གསོ་བཅོས་ཇི་ལྟར་སྔ་ན་ཕན་ནུས་དེ་ལྟར་བཟང་། གྲིབ་ནད་ནད་པར་ནད་རོ་མང་པོ་འབྱུང་བ་སྟེ། དཔེར་ན་རྐང་ལག་མི་བདེ་བ་དང་སྐད་ཆ་རྡབ་རྡིབ་སྨྲ་བ། ཟས་རིགས་མིད་དཀའ་བ་སོགས་བྱུང་སྟེ་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་པ་རེད། དྲག་སྐྱེད་གསོ་བཅོས་བྱས་ན་གྲིད་ནད་ཀྱི་ནད་རོ་མི་ལུས་པ་དང་། ནད་པའི་རང་བདག་ནུས་པ་དང་འཚོ་བའི་སྤུས་ཀ་ཇེ་མཐོར་འགྲོ་བར་ཕན་པས། གྲིད་ནད་ཕོག་རྗེས་མྱུར་དུ་དྲག་སྐྱེད་གསོ་བཅོས་བྱེད་དགོས། དྲག་སྐྱེད་གསོ་བཅོས་བྱེད་པའི་དུས་ཡུན་ཆེས་བཟང་པོ་ནི་ནད་ཕོག་རྗེས་ཀྱི་ཟླ་གསུམ་གྱི་ནང་ཡིན། གལ་ཏེ་ལོ་གཅིག་གི་ཡན་འགོར་ན་དྲག་སྐྱེད་འབྱུང་བའི་ཚད་ཇེ་ཞན་དུ་འགྲོ་ངེས། །

རྩོམ་སྒྲིག་པ། འབྲུག་མོ།