《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མ་པར་སྐྲུན་འགྲེམས་སྤེལ་བྱས།
2023.11.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མ་འགྲེམས་སྤེལ་བྱས་པ་དེ་ནི《བོད་ཀྱི་གསོ་རིག་ཀུན་བཏུས》(དེབ60)དཔེ་སྐྲུན་བྱས་རྗེས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སུ་ལོན་པའི་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་ཞིག་རེད།

《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མར་ཁྱོན་བསྡོམས་པས་དེབ20དང་ཟུར་བཀོད་དེབ་གཅིག་ལ་སྤྱིའི་དཀར་ཆག་བསྡུས་ཡོད། ཁྱོན་ཡིག་འབྲུ་ཁྲི1700ཡོད། བོད་ལུགས་གསོ་རིག་གི་དཔེ་རྙིང་གྲགས་ཅན་དང་ཉེ་རབས་དང་དེང་རབས་ཀྱི་དཔྱད་རྩོམ292ལེགས་འདེམས་བྱས་པ་དེ་དག་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་གནའ་རབས་གསོ་གཞུང་། གསོ་རིག་རྒྱུད་བཞི། ནད་ཐོག་སྨན་བཅོས་ཀྱི་གསོ་དཔྱད། སྨན་རྫས་ངོས་འཛིན། སྨན་ཐོ། སྨན་རྫས་འདུལ་སྦྱོར། ཆོ་ག་དང་སྔགས་ཀྱིས་བཅོས་ཐབས་སོགས་ཁག8དང་ལེའུ45ཡིས་གྲུབ། དེར་བོད་ལུགས་གསོ་རིག་གི་དབུ་བརྙེས་པའི་དུས་སྐབས་དང་རྨང་བཏིང་བའི་དུས་སྐབས། འཕེལ་རྒྱས་ཀྱི་དུས་སྐབས། དཔྱད་གླེང་གི་དུས་སྐབས། གྲ་རྒྱས་ཀྱི་དུས་སྐབས། དར་སྤེལ་གྱི་དུས་སྐབས་སོགས་ད་ལྟའི་བར་གྱི་ལོ་ངོ2900ཡི་ལོ་རྒྱུས་འདུས་ཡོད་ལ་མ་ལག་ཚང་བའི་སྒོ་ནས་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞིའི་ཡ་གྱལ་ཡིན་པའི་བོད་ལུགས་གསོ་རིག་གི་གཏིང་ཟབ་པའི་གཞུང་ལུགས་མ་ལག་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་མངོན་པར་བྱས་ཡོད་པས་ཀྲུང་ཧྭའི་གཅེས་ནོར་བོད་ལུགས་གསོ་རིག་གི་གཏིང་ཟབ་པའི་རྔོག་འདོན་དང་ཉིང་བཅུད་ཀྱི་སྲུང་འཛིན་ཐེངས་ཤིག་ཡིན།

《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མའི་ནང་དེང་རབས་ཀྱི་པར་གཞི་རིག་པ་དང་དཀར་ཆག་རིག་པ་སོགས་ཀྱི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་པར་གཞིར་རྟོག་ཞིབ་དང་མ་ཡིག་ཞུ་དག། ཡིག་ཆ་ནོར་བཅོས། སྐྱོན་གསབ་ཆད་བསྐང་། དཀའ་གནད་གསལ་འགྲེལ། ཚན་རིག་དང་མཐུན་པའི་ངང་རིགས་དབྱེ། ས་བཅད་སྒྲིག་བཟོ་བཅས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཇི་མ་ཇི་བཞིན་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་བོད་ལུགས་གསོ་རིག་དང་དཔེ་རྙིང་གི་དབང་གྲགས་རང་བཞིན་དང་ཚན་རིག་རང་བཞིན། མཚོན་བྱེད་རང་བཞིན་བཅས་ལ་འགན་ལེན་བྱས་པས་ཞིབ་འཇུག་གི་རིན་ཐང་དང་རིག་གཞུང་གི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན།

ལོ30ལྷག་གི་རིང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གིས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་སྣ1590ལྷག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་དང་། 《བོད་ཀྱི་གསོ་རིག་ཀུན་བཏུས》(དེབ60)རྩོམ་སྒྲིག་དཔེ་སྐྲུན་བྱས་པས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་རྒྱལ་ཁབ་ཕྱི་ནང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་ལས་རིགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཡང་ལོ་ངོ10ལྷག་རིང་ཞིབ་འཇུག་ཧུར་ཐག་བྱས་པ་བརྒྱུད《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མ(དེབ20)སྒོར་ཐོན་པས《བོད་ཀྱི་གསོ་རིག་ཀུན་བཏུས》བསྡོམས་འབོར་དེབ80ཟིན་ནས་ད་བར་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁྱབ་ཁོངས་སུ་རྩོམ་སྒྲིག་པར་སྐྲུན་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་། ནང་དོན་ཆ་ཚང་ཤོས། ཆུ་ཚད་མཐོ་ཤོས་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་ཆེད་རྩོམ་ཞིག་ཏུ་གྱུར་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྨང་གཞིའི་ཞིབ་འཇུག་དང་སློབ་ཁྲིད་ལག་ལེན། ནད་ཐོག་སྨན་བཅོས་བེད་སྤྱོད། སྨན་གསར་པ་ཞིབ་འཇུག་གསར་སྤེལ་བཅས་ལ་རིགས་པའི་གཞུང་ལུགས་ཀྱི་གཞོགས་འདེགས་གལ་ཆེན་མཁོ་འདོན་བྱས་ཡོད་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ཤུལ་བཞག་རྩ་ཆེའི་རིགས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པ་དང་། ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་དར་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། འབྲུག་མོ།