ལུས་སྦྱོང་ལ་ཕན་ནུས་ཐོན་པར་རྟགས་གང་དག་ཡོད་དམ།
2023.11.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ལུས་སྦྱོང་གི་ཕན་ནུས་ནི་དུས་ཡུན་ཐུང་ངུའི་ནང་དུ་ཐོན་དཀའ་མོད། འོན་ཀྱང་རང་ཉིད་ཀྱི་ལུས་སྦྱོང་ལ་ཕན་ནུས་ཐོན་གྱིན་ཡོད་མེད་ལ་ཇི་ལྟར་བརྟག་དགོས་སམ་ཞེ་ན། ཉེ་ཆར། ཨ་རིའི“MSN”དྲ་བས་ཟུར་ལྟར་རུང་བའི་རྟགས་ལྔ་བཏོན་ཡོད་པས། ཚང་མས་དེར་བལྟས་ནས་རང་ཉིད་ཀྱི་ལུས་སྦྱོང་ལ་ཕན་ནུས་ཐོན་གྱིན་ཡོད་མེད་བརྟག་ཆོག

གཅིག སེམས་ཁམས་ཇེ་སྐྱིད་དུ་འགྲོ་བ། ལུས་པོའི་བདེ་ཐང་དང་སེམས་ཁམས་ཀྱི་བདེ་ཐང་གཉིས་ལ་འབྲེལ་བ་དམ་པོ་ཡོད། སེམས་ཁམས་ཇེ་སྐྱིད་དུ་འགྲོ་བ་ནི་ལུས་སྦྱོང་གི་ཕན་ནུས་ཆེས་བཟང་པོ་དེ་རེད། རྒྱུན་དུ་ལུས་སྦྱོང་བྱེད་པའི་གོམས་སྲོལ་ལེགས་པོ་དེ་ཆགས་པའི་ཚེ་ན། རང་ཉིད་ཀྱི་སེམས་ཁམས་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བའི་ཚོར་སྣང་སྐྱེས་སྲིད། ལུས་སྦྱོང་ནི་འཚོ་བར་ཡིད་ཚིམ་ཚད་དང་འབྲེལ་བ་ཡོད་དེ། ལུས་སྦྱོང་བྱེད་རྒྱུར་དགའ་བའི་མི་དེ་ནི་རང་ཉིད་ཀྱི་འཚོ་བར་ཡིད་ཚིམ་ཞིང་སྐྱིད་སྣང་གིས་ཁེངས་པའི་རྟགས་རེད། དེ་ལས་གཞན་ལུས་སྦྱོང་བྱེད་ན་ད་རུང་མཁལ་སྟེང་གཤེར་རྨེན་རྒྱུ་ཟགས་ཐོན་བྱེད་ཐུབ་པས། སྐྱིད་སྣང་ཇེ་མཐོར་འགྲོ་བ་དང་མཉམ་དུ། སེམས་འཚབ་པ་དང་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ། ལུས་སྦྱོང་བྱེད་སྐབས་ངེས་པར་དུ་ལུས་སྦྱོང་དྲག་པོ་བྱེད་དགོས་པའི་ངེས་པ་མེད་དེ། ཉིན་རེར་འཆམ་འཆམ་དུ་འགྲོ་བ་ཡིས་ཀྱང་སེམས་ཁམས་ཇེ་ལེགས་སུ་གཏོང་ཐུབ།

གཉིས། ཁྱིམ་ལས་ལ་དགའ་བ། ལུས་སྦྱོང་མི་བྱེད་པའི་མི་ལ་མཚོན་ན། རྡོ་སྐས་སུ་འགོ་བའམ་ཡང་ན་ཁྱིམ་ལ་གད་བདར་བྱེད་པ། དཀར་ཡོལ་བཀྲུ་བ། གྱོན་ཆས་སྐམ་པ་སོགས་ཀྱང་ལས་ཀ་ལྗིད་མོར་གཏོགས་པ་རེད། གལ་ཏེ་ལུས་སྦྱོང་རྒྱུན་འཁྱོངས་བྱས་ཏེ་དུས་ཡུན་རིང་ཙམ་འགོར་ན། ཁྱིམ་ལས་དེ་དག་ནི་སླ་མོའི་ངང་ལས་ཐུབ་པའི་ཚོར་སྣང་འབྱུང་ལ། དེ་ནི་ལུས་སྦྱོང་བྱས་ཏེ་གློ་སྙིང་གི་ནུས་པ་ཇེ་དྲག་ཏུ་སོང་བ་དང་ཤ་གནད་ལ་སྟོབས་ཤུགས་རྒྱས་པའི་རྟགས་རེད།

གསུམ། བཅུད་མེད་ཟས་རིགས་བཟའ་མི་འདོད་པ། ལུས་སྦྱོང་ལ་ཕན་ནུས་ཐོན་པའི་ཚེ་ན་བཅུད་མེད་ཟས་རིགས་ཀྱི་བསླུ་བྲིད་ལ་གཡོལ་ཐུབ་པར་མ་ཟད། སླད་མེད་ཀྱི་ཟས་རིགས་ལ་བརྟེན་ནས་ལུས་པོར་ནུས་སྟོབས་སྦྱིན་པར་འདོད། གལ་ཏེ་ཁྱེད་ལ་བཅུད་མེད་ཟས་རིགས་བཟའ་མི་འདོད་པར་རྒྱུན་དུ་སྔོ་ཚོད་དང་སིལ་ཏོག་བཟའ་འདོད་སྐྱེས་པ་ཡིན་ན། ལུས་སྦྱོང་ལ་ཕན་ནུས་ཐོན་བཞིན་པའི་རྟགས་རེད།

བཞི། སྐྱེས་གཟུགས་ཇེ་ཡག་ཏུ་འགྲོ་བ། གྱོན་པ་ལུས་པོར་འཕྲོད་མིན་ནི་ལུས་སྦྱོང་གི་ཕན་ནུས་ལ་བརྟག་པའི་ཐབས་ལམ་ཆེས་སླ་མོ་དེ་རེད། གལ་ཏེ་སྔོན་ཆད་གྱོན་བཞིན་པའི་དོར་མ་དེ་ཆེ་འདུག་པ་དང་ཡང་ན་སྐེ་རགས་སྔར་ལས་དམ་པོར་སྡོམ་དགོས་པའི་སྣང་བ་འབྱུང་སྐབས། ལུས་པོའི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་མེད་ནའང་ལུས་སྦྱོང་གི་ཕན་ནུས་ཐོན་ཏེ་གསུས་ཁོག་གི་ཚིལ་ཞག་ཇེ་ཉུང་དུ་སོང་བའི་རྟགས་རེད།

ལྔ། གཉིད་སྔར་ལས་སྐྱིད་པོ་ཡོང་བ། རྒྱུན་དུ་ལུས་སྦྱོང་བྱས་ན་ལུས་སྟེང་གི་ཀླད་ཆེན་ལྷིང་འཇགས་དང་ལྷོད་པོ་ཡོང་ལ། གཉིད་ཡུན་ཇེ་རིང་དང་གཉིད་ཀྱི་སྤུས་ཀ་ཇེ་མཐོར་འགྲོ་བ་སོགས་དོན་སྣོད་ཡོངས་རྫོགས་རྒྱུན་ལྡན་སྒོས་འཁོར་སྐྱོད་ཡོང་བ་རེད།གལ་ཏེ་མཚན་མོར་གཉིད་སྐྱིད་ཅིང་བདེ་ལ་ཉིན་དཀར་ལུས་པོ་བདེ་ཞིང་སེམས་ཁམས་སྐྱིད་པོ་ཡོང་ན། དེ་ནི་ལུས་སྦྱོང་ལ་ཕན་ནུས་ཐོན་པའི་རྟགས་རེད། དེ་དང་མཉམ་དུ་གཉིད་སྐྱིད་པོ་ཡོང་བ་ནི་ལུས་ཕུང་སླར་གསོ་བྱེད་པར་ཡང་ཧ་ཅང་ཕན། གཉིད་པའི་སྐབས་སུ་ལུས་པོས་སྐུལ་རྩི་ཟགས་ཐོན་བྱས་ཏེ། ཤ་གནད་འབྱུང་བ་དང་ཤ་གནད་ལ་སྟོབས་ཤུགས་རྒྱས་ཤིང་། འགུལ་སྐྱོད་བྱེད་ཚད་ཇེ་དྲག་ཏུ་འགྲོ་བ་རེད། །

རྩོམ་སྒྲིག་པ། འབྲུག་མོ།