མ་བུ་བདེ་ཐང་ཕྱོགས་ཀྱི་ཤེས་བྱ།
2023.11.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མངལ་སྦྲུམ་པ་ནས་བྱིས་པ་སྐྱེས་ནས་ལོ་གཉིས་སུ་ལོན་རག་བར་དུ། བྱིས་པའི་འཚོ་བཅུད་ཀྱི་བཟང་ངན་དང་ལུས་ཕུང་བདེ་ཐང་ཡིན་མིན་དེས་བྱིས་པའི་རྗེས་ཕྱོགས་ཀྱི་རིག་སྟོབས་དང་ལུས་ཕུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབྲེལ་བ་ཆེན་པོ་ཡོད། མངལ་སྦྲུམ་འདོད་པའི་བུད་མེད་དང་སྦྲུམ་མ། ཡང་ན་བྱིས་པ་བཙས་མ་ཐག་པའི་བུད་མེད་བཅས་ལ་དུས་སྐབས་དེར་ལོ་མའི་སྐྱུར་རྒྱུ་དང་ཏེན་ཚ་ཆད་པའི་སྣང་ཚུལ་བྱུང་བ་དང་བྱིས་པ་བཙའ་སྐབས་སྨན་ཁང་དུ་མ་བསྡད་པ་སོགས་མི་ལེགས་པའི་གནས་ཚུལ་བྱུང་ན། དེས་ཐད་ཀར་དུ་བྱིས་པའི་རིག་སྟོབས་དང་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བས་གཤམ་དུ་མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པའི་སྐབས། ནུ་མ་བསྣུན་པའི་སྐབས། ཡང་ན་བྱིས་པར་ཟ་མ་སྟེར་བའི་སྐབས་བཅས་སུ་མཉམ་འཇོག་དགོས་པའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་ཅིག་བྱེད།

མངལ་མ་སྦྲུམ་གོང་ལ་མཉམ་འཇོག་དགོས་པའི་སྐོར།

མངལ་སྦྲུམ་པའི་དུས་འདེམ་པ།

གཅིག བུད་མེད་ཚོས་ཐོག་མར་མངལ་སྦྲུམ་དུས་ཆེས་ཆུང་ནའང་ལོ་ཉི་ཤུའི་ཡན་ལ་འབུད་དགོས། མངལ་སྦྲུམ་པའི་ཆེས་ལེགས་པའི་ལོ་ཚོད་ནི་ལོ 24-28 བར་ཡིན། སྐྱེས་པའི་ཆེས་ལེགས་པའི་ལོ་ཚོད་ནི་ལོ 25-35 བར་ཡིན། བུད་མེད་ལོ་ཉི་ཤུར་མ་བུད་པ་དང་ཡང་ན་ལོ་སོ་ལྔར་བུད་རྗེས་མངལ་སྦྲུམ་ན་མ་བུ་གཉིས་ཀའི་བདེ་ཐང་ལ་ཉེན་ཁ་ཆེན་པོ་འབྱུང་སྲིད།

བུ་མོ་ལོ་ཉི་ཤུར་བུད་རྗེས་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ནས་མངལ་སྦྲུམ་པའི་ཆ་རྐྱེན་ལོངས་ཡོད་ལ། དེའི་ཡར་སྔོན་དུ་ད་དུང་སྐྱེས་ལོ་རན་མེད་པས་སྐབས་དེར་མངལ་སྦྲུམ་ན་བྱིས་པ་ཟླ་མ་ལོངས་པར་སྐྱེས་པ་དང་ཡང་ན་བྱིས་པའི་ལུས་བོངས་ཆུང་བ། བྱིས་པ་བཙས་རྗེས་ཤི་འགྲོ་བའི་ཉེན་ཁ་ཆེ་བ། དུས་མཚུངས་སུ་བུད་མེད་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཐད་ལའང་གནོད་པ་ཅུང་ཆེ། ལོ་སོ་ལྔའི་ཡན་ལ་བུད་པའི་བུད་མེད་ཀྱིས་མངལ་སྦྲུམ་པའམ་ཡང་ན་བྱིས་པ་བཙའ་སྐབས་བུད་མེད་རང་ཉིད་དང་བྱིས་པའི་བདེ་ཐང་ཐད་ནས་ཉེན་ཁ་ངེས་ཅན་ཞིག་ཡོད་པ་རེད། ལོ་ཇི་ལྟར་ཆེ་ན་དེ་ལྟར་མངལ་ཤོར་བའི་ཉེན་ཁ་ཆེ་བར་མ་ཟད། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་དང་། ཁྲག་ཤེད་མཐོ་བའི་ནད་སོགས་འབྱུང་ཚད་ཇེ་མཐོར་འགྲོ་སྲིད། ད་དུང་སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་ཚད་ཇེ་མཐོར་སོང་ནས། མ་བུ་གཉིས་ཀའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འབྱུང་སྲིད།

གཉིས་པ། མ་བུ་གཉིས་ཀའི་བདེ་ཐང་ལ་ཁག་ཐེག་བྱེད་ཆེད། བྱིས་པ་ཐེངས་དང་པོར་བཙས་ནས་ལོ་བཞི་ཙམ་འགོར་རྗེས་ད་གཟོད་བྱིས་པ་ཐེངས་གཉིས་པ་སྐྱེས་ཆོག

གལ་ཏེ་བྱིས་པ་གཉིས་ཀྱི་བར་ན་ལོ་བཞི་ལོན་མེད་ཚེ། བྱིས་པ་ཐེངས་གཉིས་པ་བཙའ་སྐབས་ཤི་བའི་ཉེན་ཁ་ཇེ་ཆེར་འགྲོ་བར་མ་ཟད། བྱིས་པའི་བར་ན་ལོ་དེ་འདྲ་མེད་ན་བྱིས་པ་ཆེ་བར་གཉོར་སྐྱོང་ལེགས་པོ་བྱེད་མི་ཐུབ་པ་སོགས་གནད་དོན་གང་མང་ཞིག་གནས་སྲིད།

གསུམ་པ། བྱིས་པ་བཞིའི་ཡན་བཙས་ན་མངལ་སྦྲུམ་པའི་སྐབས་དང་ཡང་ན་བྱིས་པ་བཙའ་སྐབས་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

ཐེངས་དུ་མར་མངལ་སྦྲུམ་པ་དང་བྱིས་པ་བཙའ་བ། ནུ་མ་བསྣུན་པ། བྱིས་པར་བདག་སྐྱོང་བྱེད་པ་སོགས་བྱས་ན་བུད་མེད་ལ་ངལ་དུབ་ཆེན་པོ་འབྱུང་ངེས། བྱིས་པ་བཞིའི་ཡན་བཙས་ན་སྦྲུམ་མར་ཁྲག་ཞན་པ་དང་ཁྲག་མང་པོ་བཞུར་བ་སོགས་ཉེན་ཁ་ཆེན་པོ་འབྱུང་སྲིད་པར་མ་ཟད། དུས་མཚུངས་སུ་བྱིས་པ་བཙས་རྗེས་ཤི་བའི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་སྲིད།

བཞི་བ།  སྦྲུམ་མ་དང་བྱིས་པའི་བདེ་ཐང་གི་ཆེད་དུ་ཁྱོ་ཤུག་ཕྱོགས་གཉིས་ཀྱིས་མངལ་སྦྲུམ་སྐབས་གྲ་སྒྲིག་གང་ལེགས་བྱེད་དགོས།

མངལ་མ་སྦྲུམ་གོང་ནས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་དགོས།

ལོ་མའི་སྐྱུར་རྒྱུ་ནི་མིའི་ལུས་སྟེང་དུ་ངེས་པར་མཁོ་བའི་འཚོ་རྒྱུ B རིགས་ཤིག་ཡིན། རང་རྒྱལ་བུད་མེད་ཀྱི་ལུས་སྟེང་དུ་འཚོ་རྒྱུ་དེའི་རིགས་ཡོངས་ཁྱབ་ཀྱིས་ཅུང་ཉུང་བ་རེད། བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་གལ་ཏེ་ལུས་སྟེང་དུ་ལོ་མའི་སྐྱུར་རྒྱུ་ཞན་ཚེ། སྦྲུམ་བུའི་འཚར་སྐྱེ་ལ་གནོད་དེ། དཔེར་ན་ཀླད་མེད་ཕྲུ་གུ་དང་སྒལ་གཞུང་གས་པ་སོགས་འབྱུང་སྲིད།

དང་པོ། ཅིའི་ཕྱིར་མངལ་མ་སྦྲུམ་གོང་ནས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་དགོས་ཞེ་ན།

བུད་མེད་ལ་མངལ་སྦྲུམ་ནས་ཐོག་མའི་ཟླ་གཉིས་ནི་སྦྲུམ་བུའི་དབང་རྩའི་མ་ལག་འཚར་ལོངས་འབྱུང་བའི་གནད་འགག་གི་དུས་སྐབས་ཡིན་པས། སྐབས་དེར་ལོ་མའི་སྐྱུར་རྒྱུ་ཞན་ཚེ་དབང་རྩ་ཡ་མ་གཟུགས་སུ་འགྱུར་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེར་མ་ཟད་བུད་མེད་རྣམས་ཀྱིས་རང་ཉིད་ལ་མངལ་སྦྲུམ་ཡོད་པ་ཤེས་དུས་མངལ་སྦྲུམ་ནས་ཧ་ལམ་ཉིན་སུམ་ཅུ་ལྷག་འགོར་ཡོད་པ་རེད། དེ་དུས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱས་ན་ཅུང་འཕྱི་ཡོད་པ་རེད།

གཉིས་པ། ཉིན་རྒྱུན་ལོ་མའི་སྐྱུར་རྒྱུ་ཅི་ཙམ་ཁ་གསབ་བྱེད་དགོས་སམ།

མངལ་སྦྲུམ་འདོད་པའི་བུད་མེད་ཀྱིས་མངལ་མ་སྦྲུམ་གོང་གི་ཟླ་གསུམ་ཙམ་ནས་ཉིན་རེར་ལོ་མའི་སྐྱུར་རྒྱུ་ཧོ་ཁེ 0.4 ཙམ་ཁ་གསབ་བྱས་ནས་བྱིས་པ་སྐྱེས་རག་བར་དུ་རྒྱུན་བསྐྱངས་ན་བཟང་། མིག་སྔར་རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་གལ་ཆེན་རིགས་ཀྱིས་མངལ་སྦྲུམ་འདོད་པའི་བུད་མེད་དང་ཡང་ན་སྦྲུམ་མར་རིན་མ་བླངས་པར་ལོ་མའི་སྐྱུར་རྒྱུ་སྟེར་བཞིན་ཡོད་པས། བུད་མེད་རྣམས་ས་གནས་རང་གི་མ་བུ་བདེ་སྲུང་ས་ཚིགས་སུ་སོང་ནས་བླངས་ཆོག

གསུམ་པ།  མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པའི་སྐབས་སུ་ཁྱི་དང་ཞི་མེ་སོགས་དང་རིང་དུ་བཀྱེད་དགོས་པའི་རྒྱུ་མཚན་ཅི།

སྦྲུམ་མས་ཁྱི་དང་ཞི་མེ་སོགས་དང་རྒྱུན་དུ་རེག་ཐུག་བྱས་ན། སྦྲུམ་བུ་ཡ་མ་གཟུགས་དང་རིག་སྟོབས་ཞན་པར་འགྱུར་བའམ་ཡང་ན་འཆི་ཉེན་ཡང་ཆེ།  དེ་བས་མངལ་སྦྲུམ་འདོད་པའི་བུད་མེད་རྣམས་ཀྱིས་ཁྱི་དང་ཞི་མེ་སོགས་སྲོག་ཆགས་དང་རིང་དུ་བཀྱེད་ན་བཟང་། མངལ་སྦྲུམ་ཟིན་པའི་བུད་མེད་ཚོས་གལ་ཏེ་རང་ཁྱིམ་དུ་ཁྱི་དང་ཞི་མེ་གསོས་ཡོད་ན་ཉམས་འཇོག་གང་ལེགས་བྱེད་དགོས།

བཞི་བ། མངལ་མ་སྦྲུམ་གོང་དུ་ཁྱོ་ཤུག་གཉིས་ཀས་ཆང་དང་དུ་བ་གཅོད་དགོས།

མངལ་སྦྲུམ་འདོད་པའི་ཁྱོ་ཤུག་གཉིས་ཀྱིས་མངལ་མ་སྦྲུམ་གོང་གི་ཟླ་གསུམ་ནས་དྲུག་གི་སྔོན་ནས་བཟུང་ཆང་དང་དུ་བ་བཅད་ན་བཟང་།

མངལ་སྦྲུམ་འདོད་པའི་ཁྱོ་ཤུག་ཟུང་ལ་མཚོན་ནས་བཤད་ན། དུ་བ་འཐེན་ན་རང་ལུས་ལ་གནོད་པར་མ་ཟད་མངལ་སྦྲུམ་པར་ཤུགས་རྐྱེན་ཐེབས་སྲིད། སྐྱེས་པས་དུ་བ་འཐེན་ན་རང་ལུས་ལ་གནོད་པ་ཆེ། ལྷག་པར་དུ་སྐྱེས་པའི་ཁམས་དཀར་གྱི་གསོན་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་དུ་བ་བཅད་ནས་ལོ་ཕྱེད་ཙམ་འགོར་ན་ད་གཟོད་ཁམས་དཀར་ཕྱིར་རྒྱུན་ལྡན་དུ་འགྱུར་སྲིད། སྦྲུམ་མས་དུ་བ་འཐེན་པའམ་ཡང་ན་ཉེ་འཁོར་གྱི་མིས་དུ་བ་འཐེན་ན་མངལ་ཤོར་བའམ་ཟླ་མ་ལོངས་པར་སྐྱེས་པ། ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སུ་འགྱུར་ཚད་ཇེ་མཐོར་འགྲོ་ངེས།

ཁྱོ་ཤུག་གཉིས་ལས་གཅིག་གིས་རྒྱུན་པར་ཆང་འཐུང་ན། ཁམས་དཀར་དང་ཁམས་དམར་འཕེལ་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད་ཁམས་དཀར་དང་ཁམས་དམར་ཡ་མ་གཟུགས་སུ་གྱུར་ནས། མཇུག་མཐར་སྦྲུམ་བུའི་འཚར་སྐྱེ་ལ་གནོད་པ་བཟོ་སྲིད། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།