བོད་སྨན་བཙོ་ཐལ་སྦྱོར་ཐབས་འདིར་ཆེད་ཁེའི་དཔང་ཡིག་ཐོབ་འདུག
2023.11.27 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 0

ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་སྨན་རྫས་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་སྒོས་རེ་ཞུ་བྱས་པའི་རིལ་འཐག་འཕྲུལ་ཆས་ལ་བརྟེན་ནས་བོད་སྨན་བཙོ་ཐལ་སྦྱོར་ཐབས་ཞེས་པར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་སྤྲད་པའི་གསར་གཏོད་ཆེད་ཁེའི་དཔང་ཡིག་ཐོབ་ཡོད་པ་རེད།

གསར་གཏོད་ཆེད་ཁེའི་དཔང་ཡིག་ཐོབ་པའི་གསར་གཏོད་ལག་རྩལ་འདི་ནི་རྒྱལ་སྨན་ཆེན་མོ། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་མཁས་པ་གྲགས་ཅན་རྒྱ་ཡེ་ཉི་མ་ལགས་ཀྱི་ཕུལ་བྱུང་གྲུབ་འབྲས་ཤིག་ཡིན་པ་དང་། ཁོང་ནི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཕུལ་བྱུང་འཐུས་མི་ཞིག་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྦྱོར་བཟོའི་ལག་རྩལ་ཐད་ཞིབ་འཇུག་གཏིང་ཟབ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་ཞིག་ཡིན། ལོ་མང་རིང་གི་ལག་ལེན་དང་འཚོལ་ཞིབ་བརྒྱུད། རྒྱལ་སྨན་ཆེན་མོ་རྒྱ་ཡེ་ཉི་མ་ལགས་ཀྱིས་བཙོ་ཐལ་རིལ་འཐག་འཕྲུལ་ཆས་ལ་བརྟེན་ནས་བོད་སྨན་བཙོ་ཐལ་སྦྱོར་བཟོའི་ལག་རྩལ་ཐོག་མར་བཏོན་པ་དང་། དེ་ཨ་རུ་བོད་སྨན་གྱི་སྦྱོར་བཟོའི་བརྒྱུད་རིམ་ནང་ལེགས་པར་སྤྱད་ཡོད། རིལ་འཐག་འཕྲུལ་ཆས་ལ་བརྟེན་པའི་སྦྱོར་བཟོའི་ལག་རྩལ་དེས། བོད་སྨན་གྱི་སྨན་ནུས་སྔར་བས་ཇེ་ལེགས་སུ་བཏང་བ་མ་ཟད། ད་དུང་ནུས་རྒྱུ་དང་སྨན་རྒྱུའི་ཟད་གྲོན་ཇེ་ཆུང་དུ་བཏང་ཡོད།

གསར་གཏོད་ཀྱི་ཆེད་ཁེ་ཐོབ་པ་འདིའི་ཐོག་ནས་བོད་སྨན་སྦྱོར་བཟོའི་ཁྱབ་ཁོངས་ལ་འགག་གཏོར་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རིག་ཞིབ་འཇུག་དང་དེང་རབས་ཅན་གྱི་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་། དེ་བས་ཀྱང་། བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་མཚོན་ཡོད་པ་རེད། ། 

རྩོམ་སྒྲིག་པ། འབྲུག་མོ།