ལོ་སོ་ལྔའི་ཡན་གྱི་མིར་ནད་འདིའི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་རྩིས་འདུག
2023.11.27 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅུ་བཞི་ཡིས་མཉམ་དུ《བདེ་ཐང་ཀྲུང་གོའི་བྱ་སྤྱོད ——ཀླད་སྙིང་ཁྲག་རྩའི་ནད་འགོག་བཅོས་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2023ལོ་ནས་2030ལོའི་བར)》བཟོས་ནས་བཀྲམ་སྟེ། ཀླད་སྙིང་ཁྲག་རྩའི་ནད་འགོག་བཅོས་དང་འབྲས་སྐྲན་འགོག་བཅོས་ཐད་བླང་བྱ་གསར་པ་བཏོན་འདུག

གཅིག ལོ་སོ་ལྔའི་ཡན་གྱི་མིར་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་རེད།

ལག་བསྟར་ཇུས་གཞིར་གཞིགས་ན། ལོ་སོ་ལྔའི་ཡན་གྱི་མིར་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱས་ནས། ཀླད་སྙིང་ཁྲག་རྩའི་ནད་ཕོག་ཉེན་ཆེ་བའི་མིར་རྒྱུན་དུ་ཁྲག་ཤེད་ལྟ་བ་དང་ལོ་ཕྱེད་ནས་ཁྲག་ཚིལ་དང་ཁྲག་མངར་བརྟག་དཔྱད་ཐེངས་རེ་བྱེད་པར་འབོད་སྐུལ་བྱས་ཡོད་པ་རེད།

གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ནི་ཀླད་སྙིང་ཁྲག་རྩའི་ནད་རིགས་འགོག་བཅོས་ཀྱི་ཞབས་འདེགས་ཞུ་ས་གལ་ཆེན་ཞིག་རེད། ལག་བསྟར་ཇུས་གཞིར་གཞིགས་ན། གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཁྲག་ཤེད་དང་། ཁྲག་མངར། ཁྲག་ཚིལ་བཅས་གསུམ་པོར་མཉམ་དུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 2030ལོར་སླེབས་སྐབས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པར་གཞི་རིམ་ནས་ཚད་ལྡན་གྱི་དོ་དམ་དང་ཞབས་འདེགས་ཞུ་ཚད70%ཟིན་པར་བྱ་རྒྱུ་དང་། སྨན་བཅོས་བྱེད་ཚད་དང་ཚོད་འཛིན་ཐུབ་ཚད2018ལོའི་རྨང་གཞིའི་ཐོག་རྒྱུན་མཐུད་སྒོས་ཇེ་མཐོར་འགྲོ་ཐུབ་པར་བྱས་ཏེ། ལོ་སོ་ལྔའི་ཡན་གྱི་མི་རྣམས་ལ་ལོ་རེར་ཁྲག་ཚིལ་བརྟག་དཔྱད་བྱེད་ཚད35%ཟིན་པར་བྱེད་རྒྱུ་རེད།

གཉིས། འབྲས་སྐྲན་འགོག་བཅོས་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་གསར་པ་ཁྱབ་བསྒྲགས་བྱས།

ཇུས་གཞིའི་ནང་བསྟན་དོན། 2030ལོར་སླེབས་སྐབས། རང་རྒྱལ་གྱི་འབྲས་སྐྲན་འགོག་བཅོས་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། ཉེན་ཁའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པ་དང་། འབྲས་སྐྲན་དབྱེ་བཤེར་དང་། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྨན་བཅོས་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ། ཚད་ལྡན་སྨན་བཅོས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུ། འབྲས་སྐྲན་ཕོག་ཚད་དང་མི་འཆི་ཚད་འཕར་འགྲོ་བའི་རྣམ་པ་འགོག་ཐུབ་རྒྱུ། ནད་པའི་ནད་གཞིའི་ཁུར་པོ་ཚོད་འཛིན་ནུས་ལྡན་ཐུབ་རྒྱུ་བཅས་རེད།

ཇུས་གཞིའི་ནང་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་དང་། འབྲས་སྐྲན་སློང་བའི་འབྲེལ་ཡོད་གཉན་ཚད་ཇེ་ཉུང་དུ་གཏོང་བ། ཁོར་ཡུག་དང་བདེ་ཐང་གི་ལས་དོན་ལ་ཤུགས་སྣོན། ལས་རིགས་རང་བཞིན་གྱི་སྐྲན་ནད་འགོག་བཅོས་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང2030ལོར་སླེབས་སྐབས་འབྲས་སྐྲན་འགོག་བཅོས་ཀྱི་ཤེས་བྱ་གཙོ་བོར་ཤེས་རྟོགས་ཐུབ་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་པར་བྱ་རྒྱུ་ཡིན་པ་རེད།

ཇུས་གཞིའི་ནང་བསྟན་དོན། འབྲས་སྐྲན་འགོག་བཅོས་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་གཏོང་བར་སྔར་ལས་ཤུགས་སྣོན་བྱས་ནས། རྒྱལ་ཁབ་དང་ཞིང་ཆེན། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་འབྲས་སྐྲན་འགོག་བཅོས་དྲ་བ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།