དྲེག་གྲུམ་སྐོར་གྱི་ཤེས་བྱའི་དྲི་བ་དྲིས་ལན།
2023.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དྲེག་གྲུམ་ནི་རྒན་པའི་རྒྱུན་མཐོང་གི་དལ་བའི་རང་བཞིན་གྱི་ནད་རིགས་ཁྲོད་ཀྱི་གཅིག་ཡིན། དྲེག་གྲུམ་ལ་བསྡོམས་པས་རིགས་བརྒྱ་ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་ཆེས་རྒྱུན་མཐོང་དུ་གཏོགས་པ་ལ་རུས་གྲུམ་དང་དྲེག་ནད་ཚིགས་གྲུམ། རླུང་རློན་ཚིགས་གྲུམ་བཅས་ཀྱི་རིགས་གསུམ་ཡོད། ཐེངས་འདིར་ང་ཚོས་དྲི་བ་དྲིས་ལན་གྱི་རྣམ་པས་དྲེག་གྲུམ་སྐོར་གྱི་ཤེས་བྱར་རྒྱུས་ལོན་ཞིག་བྱ།

དྲི་བ། ཅི་ཞིག་ལ་རུས་གྲུམ་ཟེར།

རུས་གྲུམ་ལ་ལྡོག་སྐྱོད་ཚིགས་གྲུམ་དང་རུས་འཛེར། རུས་ཚིགས་ནད་བཅས་སུའང་འབོད་ལ། ཚིགས་མོའི་ཕྲུམ་རུས་འགྱུར་བའམ་ཡང་ན་གཏོར་བརླག་ཐེབས་ཏེ། རུས་འཛེར་སྐྱེས་པའི་རྣམ་པ་ལས་བྱུང་བའི་དལ་བའི་རང་བཞིན་གྱི་རུས་ཚིགས་ཀྱི་ནད་ཅིག་ཡིན། ནད་རྟགས་ལ་གཙོ་བོ་ཚིགས་མོར་ན་ཟུག་འབྱུང་བ་དང་རེངས་པོར་འགྱུར་བ། སྐྲངས་པ་སོགས་ཀྱི་གནས་ཚུལ་བྱུང་སྟེ། འགུལ་སྐྱོད་ལ་གནོད་འཚེ་ཐེབས་པ་ཡིན། སྤྱིར་བཏང་གིས་རུས་གྲུམ་ནི་རྒས་པ་དང་རྨས་ཕོག་པ། གཉན་ཚད། ཚོ་རྒྱས་པ། རྙིང་ཚབ་གསར་བརྗེ་ལ་བཀག་རྐྱེན་ཐེབས་པ་དང་རྒྱུད་འདེད་སོགས་ལ་འབྲེལ་བ་ཡོད་པ་དང་། ལོ་ལྔ་བཅུའི་ཡན་གྱི་རྒན་དར་ལ་འབྱུང་ཚད་མཐོ།

དྲི་བ། ཅི་ཞིག་ལ་རླུང་རློན་ཚིགས་གྲུམ་ཟེར།

རླུང་རློན་ཚིགས་གྲུམ་ཞེས་པ་ནི་རུལ་ཟད་དང་ཆ་འགྲིག་གིས་འབྱུང་བའམ་ཚིགས་མོ་མང་པོར་འབྱུང་བའི་དལ་བའི་རང་བཞིན་དང་ཡང་ན་ལུས་ཡོངས་རང་བཞིན་གྱི་རང་སྟེང་གི་རིམས་འགོག་ནུས་པ་དང་འབྲེལ་བའི་ནད་རིགས་ཤིག་ཡིན་ལ། འབྱུང་རྐྱེན་གསལ་པོ་མི་ཤེས། རྩ་བའི་ནད་ལུགས་ནི་འདྲེད་སྐྱིའི་གཉན་ཚད་འབྱུང་བ་དེ་རེད། གཙོ་བོ་ལག་ཟུང་གི་མཛུབ་མོའི་ཚིགས་མོ་དང་ལག་མཐིལ་གྱི་ཚིགས་མོ། དེ་མིན་ད་རུང་ལག་ངར་དང་པུས་མོ། རྐང་པ་སོགས་ཀྱི་ཚིགས་མོར་འབྱུང་ཞིང་། སྐྲངས་ཤིང་ན་ཟུག་སྐྱེས་ལ་ཡང་ནས་བསྐྱར་དུ་འཕར་ཏེ། ཚིགས་མོའི་ཕྲུམ་རུས་དང་རུས་པར་གཏོར་བརླག་ཐེབས་པ་རེད། གལ་ཏེ་གསོ་བཅོས་ལ་འགོར་འགྱངས་ཐེབས་ན། ནད་པའི་ཚིགས་མོ་འགྱུར་ཏེ་འགུལ་སྐྱོད་ལ་གནོད་འཚེ་ཐེབས་སྲིད།

དྲི་བ། མི་གང་དག་གིས་དྲེག་ནད་ཚིགས་གྲུམ་ལ་མཉམ་འཇོག་དགོས་སམ།

ཁྱིམ་རྒྱུད་དུ་དྲེག་ནད་ཡོད་པའི་མི་དང་། གཅིན་སྐྱུར་མཐོ་བ། ཚོ་དྲག་པ། ཁྲག་ཤེད་མཐོ་བ། ཚིལ་མཐོ་ཁྲག་ནད་དང་གཅིན་སྙི་ཟ་ཁུའི་ནད་ཡོད་པ། རྒྱུན་དུ་ཆང་འཐུང་བ་དང་། ཡུན་རིང་དུ་གཅིན་འབབ་རྫས་དང་ཨ་སི་ཕི་ལིན། འདུས་འདྲིལ་འགོག་སྨན་བཅས་འཐུང་མཁན་གྱིས་དྲེག་ནད་ཚིགས་གྲུམ་འབྱུང་བར་མཉམ་འཇོག་དགོས།

དྲི་བ། ཚིགས་མོ་ན་སྐབས་དྲེག་གྲུམ་བྱུང་བ་ཁོ་ཐག་ཡིན་ནམ།

ཚིགས་མོ་ན་སྐབས་དྲེག་གྲུམ་བྱུང་བ་ཁོ་ཐག་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་དྲེག་གྲུམ་གྱི་ནད་བྱུང་ན་ཚིགས་མོ་ན་བ་ཁོ་ཐག་ཡིན། དྲེག་གྲུམ་ནད་པར་ཚིགས་མོ་ན་བ་དང་སྦྲགས་ནས་ཚིགས་མོ་སྐྲངས་པ་དང་རེངས་པོར་འགྱུར་བ། རྐྱོང་སྐུམ་བྱེད་དཀའ་བ་དང་ཐ་ན་དབྱིབས་འགྱུར་བ་སོགས་ཀྱི་ནད་རྟགས་འབྱུང་། མཉམ་འཇོག་བྱེད་དགོས་པ་ཞིག་ལ། ཚིགས་མོ་ན་བའི་ནད་པ་ནི་དུས་ཐོག་ཏུ་འབྲེལ་ཡོད་ཚན་ཁག་ཏུ་སོང་ནས་གསོ་བཅོས་བྱེད་དགོས་པ་ལས་འགོར་འགྱངས་བྱེད་མི་རུང་།

དྲི་བ། དྲེག་གྲུམ་ནད་པ་ཚན་ཁག་གང་དུ་སོང་ནས་བརྟག་དགོས་སམ།

ཕྱི་རྨས་ཕོག་པ་དང་ལུས་སྦྱོང་བྱས་རྗེས། གལ་ཏེ་ཚིགས་མོ་དང་ཡང་ན་མཐའ་འཁོར་གྱི་ཕུང་གྲུབ་སྐྲངས་ཤིང་ན་ཟུག་འབྱུང་བ་ལ། སྔོན་ལ་རུས་པའི་ཚིགས་ནད་ཚན་ཁག་ཏུ་སོང་ནས་བརྟག་དགོས་པ་དང་། གལ་ཏེ་རྒྱུ་རྐྱེན་གང་ཡང་མེད་པར་ཚིགས་མོ་མང་པོ་སྐྲངས་ཤིང་ན་བ་དང་། ཡང་ན་ཆང་འཐུང་བ་དང་ཕེའོ་ལིན་མཐོ་བའི་ཟས་རིགས་ཟོས་རྗེས་ཁོག་སྨད་ཀྱི་ཚིགས་མོ་ན་བ་ཡིན་ན། གྲུམ་བུའི་རིམས་ཐར་ཚན་ཁག་ཏུ་སོང་ནས་བརྟག་དགོས་ལ། གལ་ཏེ་ཚིགས་མོར་འགྱུར་ལྡོག་ཚབས་ཆེན་བྱུང་སྟེ་འགྲོ་སྐྱོད་ལ་གནོད་འཚེ་ཐེབས་ན། རུས་པའི་ཚིགས་ནད་ཚན་ཁག་ཏུ་སོང་ནས་བརྟག་དགོས་པ་དང་དགོས་ངེས་ཆེ་བའི་སྐབས་སུ་གཤག་བཅོས་བྱེད་དགོས།

དྲི་བ། རུས་གྲུམ་ནད་པས་ལུས་སྦྱོང་ཇི་ལྟར་བྱེད་དགོས།

རུས་གྲུམ་ནད་པས་ཆུར་རྐྱལ་བ་དང་འཆམ་འཆམ་དུ་འགྲོ་བ། ལྕགས་རྟར་ཞོན་པ་སོགས་ཀྱི་ཚིགས་མོར་མི་གནོད་པའི་ལུས་སྦྱོང་གདམ་གསེས་བྱེད་ཆོག་ལ། འཛིན་ལུང་དང་ལག་རྟེན། ཚིགས་སྲུང་གྱོན་ཆས། གོམ་བགྲོད་ཡོ་བྱད་སོགས་ལ་བརྟེན་ནས་ཚིགས་མོ་འགུལ་སྐྱོད་ཡོང་བར་རོགས་འདེགས་བྱེད་ཆོག དུས་རྒྱུན་གྱི་འཚོ་བའི་ཁྲོད། ནད་པས་གང་ཐུབ་ཀྱིས་དངོས་པོ་ལྗིད་མོ་མི་འདེགས་པ་དང་ཚིགས་མོར་གནོད་པ་མི་ཐེབས་པར་བྱེད་དགོས།

དྲི་བ། དྲེག་ནད་ཚིགས་གྲུམ་ནད་པས་བཟའ་བཏུང་གི་ཕྱོགས་ནས་མཉམ་འཇོག་གང་དག་བྱེད་དགོས་སམ།

དྲེག་ནད་ཚིགས་གྲུམ་ནད་པས་སྲོག་ཆགས་ཀྱི་ནང་ཁྲོལ་མི་བཟའ་བ་དང་། ཤའི་རིགས་དང་མཚོ་ཟས། ཐཱན་ཆུའི་འདྲེས་སྦྱོར་དངོས་རྗས་བཅས་ཉུང་བཟའ་བྱེད་དགོས་ལ། ཆང་གཅོད་པ་དང་སྐོམ་ཆུ་མངར་མོ་འཐུང་མི་རུང་། སྲན་ཆུར་དང་སྲན་ཁུ་ཉུང་འཐུང་བྱེད་དགོས། སིལ་ཏོག་ལ་ཚོད་འཛིན་བྱེད་མི་དགོས་མོད། འོན་ཀྱང་ཀ་ར་འདུས་ཚད་མཐོ་བའི་སིལ་ཏོག་ཉུང་བཟའ་བྱེད་དགོས།

དྲི་བ། རླུང་རློན་ཚིགས་གྲུམ་ལ་ཡུན་རིང་གསོ་བཅོས་བྱེད་དགོས་སམ།

རླུང་རློན་ཚིགས་གྲུམ་ནི་གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བའི་ནད་རིགས་སོགས་ཀྱི་དལ་བའི་རང་བཞིན་གྱི་ནད་རིགས་དང་འདྲ་བར། རྩ་བཅོས་བྱེད་མི་ཐུབ་པས་ཡུན་རིང་གསོ་བཅོས་བྱེད་དགོས། ནད་པར་ནད་བྱུང་མ་ཐག་མྱུར་དུ་གསོ་བཅོས་བྱེད་པ་དང་ནད་ཚུལ་ཞི་ལྷོད་དུ་བཏང་ནས། དབང་བོ་སྐྱོན་ཅན་དུ་འགྱུར་ཚད་ཇེ་དམའ་དང་འཚོ་བའི་སྤུས་ཀ་ཇེ་མཐོར་གཏོང་དགོས། གལ་ཏེ་ནད་པས་ལུགས་མཐུན་སྒོས་སྨན་མ་འཐུང་ན། ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་ཚིགས་མོ་འགྱུར་ཏེ་དབང་བོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཡོད།

དྲི་བ།དྲེག་གྲུམ་ནད་གཤག་བཅོས་བྱེད་དགོས་སམ།

དྲེག་གྲུམ་ནད་པར་གཤག་བཅོས་བྱེད་དགོས་མིན་ནི་གཙོ་བོ་གཤག་བཅོས་སྔོན་གྱི་དཔྱད་དཔོག་མཇུག་འབྲས་ལ་བལྟ་དགོས། སྤྱིར་བཏང་གིས་དྲེག་གྲུམ་ནད་པ་དུས་མཇུག་ཏུ་ཐོན་ནས་ཚིགས་མོ་འགྱུར་བ་དང་འགུལ་སྐྱོད་ལ་གནོད་འཚེ་ཐེབས་པ། རྒྱུན་སྤྱོད་སྨན་རྫས་དང་དངོས་ལུགས་གསོ་བཅོས་ཀྱིས་ཕན་མི་ཐོགས་པའི་སྐབས་སུ་གཤག་བཅོས་བྱེད་པར་བསམ་བློ་བཏང་ཆོག སྨན་པས་ནད་པའི་ནད་ཚུལ་ལྟར་བྱེ་བྲག་གི་གཤག་བཅོས་བྱེད་ཐབས་གཏན་འབེབས་བྱེད་ངེས་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།