ཁ་ཚ་འདི་ལྟར་ཟོས་ན“ཁོག་ཚ”ལངས་པར་མི་འགྱུར།
2023.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཁ་ཚ་མང་པོ་ཟོས་ན་འབྲུམ་ཐོར་འབྱུང་བ་དང་ཁ་ལྕེ་སྐམ་པ་སོགས“ཁོག་ཚ”ལངས་པའི་སྣང་ཚུལ་འབྱུང་བ་རྒྱུན་དུ་སུར་པན་ཟ་བར་དགའ་བའི་མི་རྣམས་ལ་དྲིས་དང་གསལ་པོ་ཡིན། དེ་ཡང་སོ་སོའི་ལུས་ཕུང་ལ་འབྲེལ་བ་ཡོད་པར་མ་ཟད། ཁ་ཚ་རིགས་ཀྱི་བསྟེན་ཚུལ་ལའང་འབྲེལ་བ་ཡོད་དེ།

1.བསིལ་ཟས་དང་བསྡེབས་པ། ཁ་ཚའི་རིགས་ཟ་བའི་སྐབས་སུ་བསིལ་བ་དང་གྲང་བའི་ཟས་རིགས་ཏེ། དཔེར་ན་ཆུ་འབུའི་ཤ་དང་རྡོ་ཀུབ། ཀུ་བ་ཁ་མོ་སོགས་དང་བསྡེབས་ནས་ཟོས་ན་ཚ་བ་སེལ་བའི་ཕན་པ་ཡོད།

2.རྩིང་འབྲུ་དང་བསྡེབས་པ། རྩིང་འབྲུའི་ནང་དུ་ཟས་ཀྱི་ཚི་སྣ་མང་བས། སུར་པན་གྱིས་བསྐྱེད་པའི་བཤང་འགག་སོགས་སྔོན་འགོག་ཐུབ་པའི་ནུས་པ་ལྡན།

3.མངར་མོའི་ཟས་ཀྱིས་རོ་ཀུན་སྙོམས། རོ་མངར་མོས་རོ་གཞན་ཀུན་སྙོམས་པར་བྱེད་པ་བཞིན། ཁ་ཚའི་རིགས་ཀྱི་རོ་ཡང་སྙོམས་པར་ནུས། དེ་བས་ཁ་ཚ་ཟ་བའི་དུས་སུ་མངར་ཟས་དང་འཁྱགས་རིལ། བཏུང་བ་འཁྱགས་པ། ཇ་འཁྱག་སོགས་བསྟེན་ན་ལེགས།

4.རོ་སྐྱུར་བའི་སིལ་ཏོག་གིས་ཚ་བ་འཇོམས། རོ་སྐྱུར་བའི་སིལ་ཏོག་ལ་ཚ་འཇོམས་བརླན་གསོའི་ནུས་པ་དང་ལྡན། དཔེར་ན་ཀུ་ཤུ་དང་སྐྱུར་སིལ་ཆེན་པོ། སྐྱུ་རུ་ར་སོགས་ལྟ་བུ་ལ་ཚ་བ་འཇོམས་པའི་ནུས་པ་ལྡན།

5.གཡེར་ཚ་ཉུང་ན་བཟང་། གཡེར་མ་ནི་ཚ་བའི་ངོ་བོ་དང་ལྡན་པས། གཡེར་མ་བཏབ་པའི་ཁ་ཚའི་རིགས་ཀྱིས་ཁོག་ཚ་རྒྱས་པར་བྱེད། དེ་བས་རོ་ཚ་བའི་རིགས་བསྟེན་དུས་གཡེར་མ་དང་རིང་དུ་བྲལ་ཏེ། ཁ་ཚ་རྐྱང་བ་དང་སྐྱུར་འདྲེས་ཁ་ཚའི་རིགས་བདམས་ན་ལེགས།

གཞན་དུ་མཉམ་འཇོག་དགོས་པ་ཞིག་ལ། ཁ་ཚའི་རིགས་འོས་ཤིང་འཚམ་པར་བསྟེན་ན་དགེ་མཚན་མང་སྟེ། དཔེར་ན་ཕོ་བའི་མེ་དྲོད་བསྐྱེད་པ་དང་ཡི་ག་འབྱེད་པ་སོགས་ལྟ་བུ། ཡིན་ནའང་། དེའི་རིགས་ནི་མི་ཀུན་ལ་ཁྱད་མེད་དུ་ཕན་པའང་མ་ཡིན་ཏེ།

གཅིག པགས་ནད་ཅན། པགས་ནད་ཅན་ལ་སྨན་པས་ཁ་ཚའི་རིགས་བསྟེན་མི་རུང་བར་བསྟན་པ་བཞིན། དེས་པགས་ནད་ཇེ་སྡུག་ཏུ་འགྲོ་བ་དང་དྲག་སྐྱེད་ཐོན་དཀའ་བར་གཏོང་བ་ཡིན།

གཉིས། སྙིང་གི་ཁྲག་རྩའི་ནད། ཁ་ཚའི་རིགས་ཀྱིས་བརྗེ་ཚབ་ཀྱི་འཁོར་རྒྱུག་དང་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་གཏོང་བས། མ་གཞི་ནས་སྙིང་ཁྲག་གི་ནད་ཡོད་པའི་མི་ལ་ཁ་ཚའི་རིགས་བསྟེན་ན་སྙིང་ནད་འཕར་སྲིད།

གསུམ། མཁལ་ནད་ཅན། སུར་པན་རྒྱུ་ནི་མཁལ་མ་ལས་འདོར་བ་ཡིན་པས། མཁལ་ནད་ཅན་གྱིས་སུར་པན་མང་པོ་བསྟེན་ན་མཁལ་མའི་འགན་ཁུར་ཇེ་ལྕིར་གཏོང་བ་ཡིན།

བཞི། འཇུ་ལམ་གྱི་ནད། འཇུ་བྱེད་མ་ལག་གི་ནད་དེ། དཔེར་ན་ཕོ་ཚད་དང་ཕོ་རྨ། མཁྲིས་ཚད་སོགས་ཡོད་ན། ཁ་ཚ་མང་པོ་བསྟེན་ཚེ་ཕོ་བའི་གཤེར་ཟགས་མང་པོ་ཐོན་ལ། ཕོ་བའི་འགུལ་སྐྱོད་ཇེ་དྲག་ཏུ་གཏོང་བས། ནད་གཞི་ཇེ་ལྕིར་འགྲོ་བ་ཡིན། དེ་ལས་ཀྱང་གཞང་འབྲུམ་ནད་པས་ཁ་ཚ་བསྟེན་ན་གཞང་ཁའི་སྡོད་རྩར་ཁྲག་རྒྱས་ཤིང་ཆུ་སེར་གསོག་པ་ཡིན།

ལྔ། གཞན་དུ་སྦྲུམ་མ་དང་ཨོལ་འབུར་ནད་པ། རྩྭ་སྨན་བསྟེན་པའི་ནད་པ་བཅས་ཀྱིས་ཀྱང་ཁ་ཚ་ལ་ཚོད་འཛིན་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།