བྱིས་པ་བཙས་རྗེས་ཀྱི་ཡི་མུག་པའི་ནད།
2023.12.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱིས་པ་བཙའ་བ་དང་བཙས་རྗེས་ལུས་ཕུང་གསོ་བ། བྱིས་པར་ནུ་མ་ལྡུད་པ་སོགས་ཀྱི་གོ་རིམ་ཁྲོད། བུད་མེད་ཀྱི་སེམས་ཁམས་དང་སྐྱེ་ལུགས་ལ་འགྱུར་བ་སྣ་ཚོགས་འབྱུང་སྲིད། བཙས་གཞུག་གི་ཉིན་འགའ་དང་ཡང་ན་བདུན་ཕྲག་འགའི་ནང་དུ་བང་མ་མང་ཆེ་ཤོས་ལ་དུས་ཡུན་ཐུང་ཐུང་ནང་ཡི་མུག་པའི་སྐབས་ཤིག་འབྱུང་བ་ཧ་ཅང་རྒྱུན་ལྡན་ཡིན། བཙས་གཞུག་ལུས་ཕུང་སླར་གསོ་བའི་གོ་རིམ་ཁྲོད་འགྱུར་ལྡོག་ཁ་ཤས་ཀྱི་རང་བཞིན་དེ་རྒྱུན་ལྡན་གྱི་འགྱུར་ལྡོག་གི་ཚད་ལས་བརྒལ་ཚེ་ནད་ལུགས་རང་བཞིན་གྱི་འགྱུར་ལྡོག་ཏུ་འགྱུར་བས་ལུས་སེམས་ཀྱི་ནད་ཁ་ཤས་བསྐྱེད་ཀྱང་སྲིད། བང་མ་ཡོད་ཚད་བང་ནང་དུ་སྡོད་སྐབས་སེམས་ཁམས་ཀྱི་ནད་འབྱུང་བའི་ངེས་པ་མེད་ཀྱང་དེའི་ཁྲོད་དུ་འབྱུང་ཚད་ངེས་ཅན་ཞིག་ཟིན་ཡོད་པ་རེད། ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། བཙས་གཞུག་གི་ཟླ་བཅུ་གཉིས་ནི་བུད་མེད་ཀྱི་མི་ཚེ་གང་བོའི་ནང་སེམས་ནད་འབྱུང་ཚད་མཐོ་ཞིང་ཉེན་ཁ་ཆེ་བའི་དུས་སྐབས་ཡིན། བུད་མེད་ལ་སེམས་ནད་འབྱུང་བའི་ཉེན་ཁའི་ཚད་དེ་མངལ་ཆགས་མེད་པའི་སྐབས་དང་བསྡུར་ན་བཙས་གཞུག་གི་ཟླ་དང་པོའི་ནང་ལྡབ་ཉི་ཤུ་ཇེ་མཐོར་འགྲོ་ལ། བཙས་གཞུག་ལོ་གཉིས་ལ་ད་རུང་ལྡབ་གསུམ་ཡན་གྱི་ཉེན་ཁའི་ཚད་འདུས་ཡོད།

བཙས་གཞུག་གི་ཡི་མུག་པ་ནི་བང་ནང་དུ་སྡོད་པའི་སྐབས་སུ་བྱུང་བའི་ཡི་མུག་པར་གོ་ཞིང་། དེ་ནི་སེམས་ཁམས་ཀྱི་ནད་རིགས་སུ་གཏོགས་པ་ཡིན། 1968ལོར་ཕིས་ཐི་ཟེར་བའི་ཆེད་མཁས་པ་དེས་ཐོག་དང་པོར་གླེང་བ་ཡིན་པ་དང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་རྗེས་ནས། བཙས་གཞུག་གི་ཡི་མུག་པ་ལ་རྒྱལ་སྤྱིའི་སྟེང་ནས་ཡོངས་ཁྱབ་ཏུ་དོ་སྣང་བྱས་ཏེ། འདིའི་ཐད་ཞིབ་འཇུག་གི་བྱ་བ་མང་པོ་སྤེལ་མྱོང་བ་རེད། ཞིབ་འཇུག་ཇུས་འགོད་དང་ཚད་འཇལ་ཡོ་བྱད། མ་དཔེའི་ཆེ་ཆུང་། ཡི་མུག་པར་ངོས་འཛིན་པའི་ཚད་གཞི། དེ་མིན་ཞིབ་འཇུག་གི་དུས་ཚོད་མི་འདྲ་བ་སྟེ་གོ་དོན་དང་ཐབས་ལམ་ཐད་ཞིབ་ཚགས་རང་བཞིན་མིན་པའི་དབང་གིས་ཡི་མུག་པའི་ནད་བྱུང་ཚད་ཡར་ཞུ་བྱེད་པ་དེར་ཡང་ཁྱད་པར་ཆེན་པོ་བྱུང་བ་རེད། ཕིས་ཐི་ཡི་ཆེས་ཐོག་མའི་ཞིབ་འཇུག་གི་གྲངས་ཀ་ནི10.8﹪ཡིན་ལ། ད་སྔ 3.5﹪--3.3﹪ཟིན་པར་འདོད། རང་རྒྱལ་ལ་འདིའི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་ཆ་ཉུང་བས་ནད་བྱུང་ཚད་ཡར་ཞུ་བྱེད་པར་ཡང་ཁྱད་པར་ཤིན་ཏུ་ཆེ་ཞིང་། 3.8﹪--18.48﹪ཟིན་པར་བཤད། དེ་བས་ཞིབ་འཇུག་བྱས་པ་ཉུང་བས་ཡི་མུག་པའི་ནད་རྒྱུན་བསྲིངས་པའི་དུས་ཚོད་ཤེས་མཁན་ཡང་དེ་བས་ཀྱང་ཉུང་། འགའ་རེས་བཙས་གཞུག་གི་ཡི་མུག་ནད་བྱུང་མཁན་མང་ཆེ་ཤོས་ཟླ་གསུམ་ནས་ལྔའི་ནང་དུ་རྒྱུན་ལྡན་དུ་སླར་སོས་འགྲོ་ཞེས་བཤད་སྲོལ་ཡོད་ལ། སྤྱིར་བཏང་དུ་བཙས་གཞུག་གི་ཡི་མུག་པར་སྔོན་འགོག་བྱས་རྗེས་ཅུང་བཟང་ལ་ནད་པ་སུམ་ཆའི་གཉིས་ཙམ་ལོ་གཅིག་གི་ནང་སླར་གསོ་ཐུབ། གལ་ཏེ་ཡང་བསྐྱར་མངལ་ཆགས་ན་ཡང་བསྐྱར་འབྱུང་ཚད 20﹪--30﹪ཙམ་ཡིན།

གཅིག ནད་རྟགས་གཞན་དང་མི་མཚུངས་ལ་ནད་ཀྱི་རྒྱུ་རྐྱེན་མི་གསལ་བ།

རྟོག་དཔྱོད་བྱས་ནས་ཤེས་གསལ་ལྟར་ན། སྦྲུམ་མ་ལ་ལར་བྱིས་པ་བཙས་རྗེས་དུས་ཡུན་ངེས་ཅན་ཞིག་ལ་སེམས་འཚུབ་པ་དང་སྙིང་མི་བདེ་བ། སྡུག་སྣང་སྐྱེ་སྲིད་མོད། ཡིན་ཡང་མང་ཆེ་བ་ཅུང་ཡང་ལ་བང་མའི་འཚོ་བ་དང་བྱིས་པར་ནུ་མ་ལྡུད་པ་སོགས་ལ་གནོད་པ་ཅི་ཡང་མེད་པས། འདི་ནི་རྒྱུན་ལྡན་གྱི་སྙིང་ཁམས་ཀྱི་འགྱུར་ལྡོག་ཅིག་ཡིན། ཡིན་ཡང་བཙས་གཞུག་གི་ཡི་མུག་པ་ནི་དེ་དང་མི་འདྲ། དེའི་ནད་རྟགས་ཚད་ཅུང་ཆེ་ལ་ནད་དེ་བྱུང་བའི་མི་ཡང་ཅུང་ཉུང་། ནད་ཐོག་ལག་ལེན་སྟེང་བརྟག་དཔྱད་བྱས་པ་ལྟར་ན། བཙས་གཞུག་གི་ཡི་མུག་ནད་མང་ཆེ་ཤོས་བྱིས་པ་བཙས་རྗེས་ཀྱི་བདུན་ཕྲག་གཉིས་ཡས་མས་སུ་འབྱུང་བ་ཡིན་ལ། བཙས་རྗེས་བདུན་ཕྲག་བཞི་ནས་དྲུག་གི་ནང་ནད་རྟགས་མངོན་པར་གསལ། ནད་ཐོག་མངོན་ཚུལ་སྤྱིར་བཏང་གི་ཡི་མུག་པ་དང་འདྲ་སྟེ་སེམས་སྡུག་པ་དང་རྒྱུན་དུ་སྡུག་སྣང་ཆེ་བ། ངུ་བ་དང་གཉིད་ཡེར་བ། ཐང་ཆད་པ། ཁོང་ཁྲོ་ལངས་སླ་བ་སོགས་ཀྱི་རྟགས་ཡོད། ལ་ལ་ད་དུང་ལུས་སྟེང་ན་ནད་རྟགས་ཀྱང་ཡོད་པ་དཔེར་ན། མགོ་ན་བ་དང་སྐྱུགས་པ། ཕོ་ཁ་ཚ་བ། བཤང་བ་འགག་པ། དབུགས་འབྱིན་རྔུབ་དང་སྙིང་ལྡིང་ཚད་ཇེ་མགྱོགས་དང་ནུ་ཞོ་འབབ་ཚད་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་རྟགས་ཡོད། ཚབས་ཆེ་ན་ཐ་ན་ཡིད་ཆད་ནས་རང་སྲོག་གཅོད་པ་དང་ཡང་ན་བྱིས་པ་གསོད་འདོད་ཀྱང་སྐྱེས། སྐབས་རེར་ཤེས་པ་འཁྲུལ་ནས་གཉིད་འཐིབས་པའི་ཚུལ་དུ་ལྷུང་འགྲོ། ནད་བྱུང་བའི་རྒྱུ་རྐྱེན་གཤམ་གྱི་གནས་ཚུལ་དང་འབྲེལ་བ་ཡོད་སྲིད་དེ།

1.བཙའ་བའི་སྔ་གཞུག་ཏུ་སེམས་འཚབ་པ། བྱིས་པ་སྐྱེས་རྗེས་ལོ་དང་པོའི་ནང་བུད་མེད་ཀྱི་ལུས་སེམས་ཧ་ཅང་ཐང་ཆད་པ་དང་། ལྷག་པར་དགོང་མོར་གཉིད་མི་འདང་བའི་གནས་ཚུལ་འབྱུང་བ་ཡིན། གལ་ཏེ་ད་དུང་བྱིས་པ་གཉོར་དཀའ་བ་ཞིག་ཡིན་པ་དང་། ཡང་ན་ཁྱིམ་མིས་རྒྱབ་སྐྱོར་མི་བྱེད་པ་ཞིག་ཡིན་ཚེ། སེམས་མི་སྐྱིད་པར་ཡི་མུག་པའི་ནད་ཤིན་ཏུ་འབྱུང་སླ་བ་རེད།

2.བྱིས་པ་བཙས་རྗེས་བུད་མེད་ཀྱི་ལུས་སྟེང་གི་སྐུལ་རྩི་གློ་བུར་དུ་འགྱུར་བ། མངལ་ཆགས་དུས་སྦྲུམ་མའི་ལུས་སྟེང་གི་སྐུལ་རྩིའི་ཆུ་ཚད་ཧ་ཅང་མཐོ། བྱིས་པ་བཙས་རྗེས་སྐུལ་རྩིའི་ཆུ་ཚད་ལ་འགྱུར་ལྡོག་མངོན་གསལ་འབྱུང་སྲིད། གློ་བུར་གྱི་འགྱུར་ལྡོག་འདིའི་བཙས་གཞུག་ཡི་མུག་ནད་འབྱུང་བར་འབྲེལ་བ་ཡོད། མངལ་ཆགས་དུས་སྦྲུམ་མའི་ལུས་སྟེང་གི་ནེ་ཧྥེ་ཐའེ(内啡肽)རིགས་ཀྱི་དངོས་པོ་ཡང་ཇེ་མང་དུ་འགྲོ་ལ། དངོས་པོ་འདི་དག་མའི་དགའ་སྣང་ལ་འབྲེལ་བ་ཡོད། བྱིས་པ་བཙས་པས་ལུས་སྟེང་གི་ནེ་ཧྥེ་ཐའེ་རིགས་ཀྱི་དངོས་པོ་གློ་བུར་དུ་ཇེ་དམའ་སོང་ནས་བང་མར་ཡི་མུག་པ་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།

3.མི་ལེགས་པའི་སྣང་ཚུལ་བྱུང་བ། དཔེར་ན་སྦྲུམ་བུ་མངལ་ནས་ཤི་བ་དང་། བཙས་རྗེས་ཤི་བ། ཡ་མ་གཟུགས་སྐྱེས་པ་སོགས་ནི་ཡི་མུག་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

4.མངལ་ཆགས་དུས་དང་བཙའ་བའི་སྔོན་གཞུག་ཏུ་འཚོ་བའི་ཁྲོད་དོན་རྐྱེན་བྱུང་བ་སྟེ། དཔེར་ན། ལས་ཀ་ཤོར་བ་དང་། བཟའ་ཟླ་དང་ཁ་བྲལ་བ། གཉེན་ཉེ་ཚེ་ལས་འདས་པ། བཟའ་འཁོན་བྱེད་པ་སོགས་ནི་བཙས་གཞུག་གི་ཡི་མུག་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

4.ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མེད་པ། ལྷག་པར་དུ་ཁྱོ་ག་དང་ཁྱིམ་མིས་རོགས་རམ་མ་ཐོབ་པ་ནི་བཙས་གཞུག་ཏུ་ཡི་མུག་ནད་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡིན། འཇར་པན་དུ་བཙས་གཞུག་ཏུ་ཡི་མུག་ནད་བྱུང་ཚད3.1﹪ཏག་ཏག་ལས་མེད། འདི་བང་མའི་ཁྱིམ་ཚང་གི་རྒྱབ་སྐྱོར་དང་སྲུང་སྐྱོབ་རང་བཞིན་གྱི་ཁོར་ཡུག་ལ་འབྲེལ་བ་ཡོད་པ་རེད།

6.བང་མར་འདིའི་ཡར་སྔོན་དུ་ཡི་མུག་ནད་ཡོད་པ། ལྟ་ཞིབ་བྱས་པ་ལས་ཤེས་གསལ་ལྟར་ན། བཙས་གཞུག་ཡི་མུག་ནད་བྱུང་མཁན་ཕལ་ཆེར་འདིའི་ཡར་སྔོན་དུ་ཡི་མུག་ནད་བྱུང་མྱོང་བ་རེད།

གཉིས། བཙས་རྗེས་ཀྱི་ཡི་མུག་ནད་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།

བཙས་གཞུག་ཡི་མུག་ནད་བྱུང་བ་ན་བང་མས་ཨ་མ་ཞིག་གི་འོས་འགན་ལེགས་པོར་སྒྲུབ་མི་ཐུབ། བྱིས་པ་གཉོར་སྐྱོང་བྱེད་རྒྱུ་དེ་བདེ་ཐང་ཡིན་པའི་ཨ་མ་ཞིག་ལ་མཚོན་ནའང་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། གལ་ཏེ་བང་མར་ཡི་མུག་ནད་བྱུང་ཚེ་ལས་ཀ་འདི་ལྷག་ཏུ་བསྒྲུབ་དཀའ་བ་ཡིན། དུས་མཚུངས་སུ་ཨ་མ་ནམ་ཡང་སེམས་ཁམས་ལྕི་ཞིང་སྤྲོ་སྣང་མེད་པར་གནས་ན།  བྱིས་པའི་སེམས་ཁམས་འཚར་ལོངས་འབྱུང་བར་ཡང་ཤེས་མེད་ཚོར་མེད་སྒོས་ཤན་ཤུགས་ངན་པ་ཐེབས་སྲིད། །

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།