འདི་ནི་ནད་རྟགས་མ་རེད་རྒས་རྟགས་རེད།
2023.12.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གལ་ཏེ་ཁྱེད་ལ་གཤམ་གྱི་གནས་ཚུལ་འདི་དག་བྱུང་ན། རྒས་རྟགས་ཡིན་པས་སེམས་ཁུར་བྱེད་མི་དགོས།

ལོ་ན75ལ་སོན་པའི་ཨ་ཡེ་སྒྲོལ་མ་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པས། རྒྱུན་དུ་ཚོད་མ་ཉོ་བ་དང་ཁྱིམ་ལས་ལས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་མོད། འོན་ཀྱང་ཉེ་བའི་ལོ་གཅིག་གི་རིང་ལ། ལུས་ལ་ཤུགས་མེད་པ་དང་དབུགས་འཚང་བ། རྐེད་པ་དང་པུས་ཚིགས་ན་བ་སོགས་ཀྱི་གནས་ཚུལ་སྣ་ཚོགས་བྱུང་བས། ཁོ་མོས་རང་ཉིད་ལ་ནད་ཅིག་བྱུང་བར་བསམས་ཏེ་སྨན་ཁང་དུ་ཐེངས་མང་བརྒྱུགས་པ་དང་བརྟག་དཔྱད་མང་པོ་བྱས་པ་ན། གསོ་བཅོས་བྱེད་དགོས་པའི་ནད་རིགས་གང་ཡང་བྱུང་མེད། འཚོ་བའི་ཁྲོད་གནས་ཚུལ་དེ་འདྲ་བྱུང་བའི་རྒན་པ་མི་ཉུང་བ་ཞིག་ཡོད་ལ། དེ་དག་ནི་ནད་གཞི་ལས་བྱུང་བ་མ་ཡིན་པར་ལུས་པོར་རྒས་འགྱུར་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པས། སེམས་ཁུར་བྱེད་མི་དགོས་པ་དང་ཚད་ལས་བརྒལ་བའི་སྒོ་ནས་གསོ་བཅོས་དེ་བས་ཀྱང་བྱེད་མི་དགོས། གཅིག ཐང་ཆད་དེ་འགུལ་སྐྱོད་བྱེད་མི་འདོད་པ། ལོ25ལ་བུད་པ་ནས་བཟུང་སྟེ་རུས་པ་དང་རུས་པའི་ཤ་གྲིམ་ལ་རྒས་འགྱུར་འབྱུང་མགོ་བརྩམས་ཤིང་། ལོ30ཡི་རྗེས་སུ་རུས་པའི་ཤ་གྲིམ་ལོ་རེར1%ནས5%ཡི་མྱུར་ཚད་ཀྱིས་རྒས་འགྱུར་འབྱུང་བ་དང་། ལོ70ཡན་ལ་བུད་རྗེས། དེའི་རུས་པའི་ཤ་གྲིམ་སྔོན་ཆད་ཀྱི50%ནས70%ཙམ་ལས་ལྷག་མེད་པས། ན་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས། ལུས་ཡོངས་ཀྱི་རྒྱུས་པ་དང་ཆུ་བ་འཁུམ་ཞིང་རེངས་པོར་འགྱུར་ལ། ཤ་གནད་རིམ་གྱིས་ལྷོད་པོ་དང་ཤུགས་མེད་པར་འགྱུར་བ་རེད། རྒན་པ་རྣམས་ལ་རྒྱུན་དུ་རྡོ་སྐས་ལ་འགོ་མི་འདོད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ནི་རུས་པ་དང་རུས་པའི་ཤ་གྲིམ་རྒས་འགྱུར་ལས་བྱུང་བ་ཡིན་ལ། གཞན་ད་རུང་སྙིང་དང་གློ་བའི་བྱེད་ནུས་ཉམས་པ་དང་འབྲེལ་བ་ཡོད།

གཉིས། ཁ་སྐམ་པ་དང་ཁ་དྲི་བྲོ་བ། ཟས་རྗེས་ཕོ་བ་སྦས་པ། རྩ་སྐམ་པ། ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། འཇུ་བྱེད་མ་ལག་གི་བྱེད་ནུས་རིམ་གྱིས་ཇེ་ཞན་དུ་འགྲོ་བ་དང་། ཁ་ཆུ་ཟགས་ཐོན་བྱེད་ཚད་ཇེ་ཉུང་དང་ཁ་ཆུའི་གྲུབ་ཆའི་གར་ཚད་ཇེ་ཞན་དུ་སོང་ནས། ཁ་སྦུག་ལ་གཙང་སྦྲ་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བས། རྒན་པ་མང་པོ་ཞིག་ལ་རྒྱུན་དུ་ཁ་སྐམ་པ་དང་ཁ་དྲི་བྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་ཞིང་། གཞན་ད་རུང་ཕོ་རྒྱུའི་བྱེད་ནུས་ཇེ་ཞན་དང་ཕོ་རྒྱུ་འཕྱེ་འགུལ་བྱེད་ཚད་ཇེ་དལ་དུ་འགྲོ་བས། རྒན་པ་རྣམས་ལ་ཟས་རྗེས་ཕོ་བ་སྦས་པ་དང་རྩ་སྐམ་པ་སོགས་ཀྱི་སྣང་ཚུལ་འབྱུང་།

གསུམ། གཉིད་མི་ཡོང་བ་དང་གཉིད་ཡུན་ཐུང་བ། ནག་འབུད་རྒྱུ་ནི་ཀླད་ཞོ་གཟུགས་ཀྱིས་ཟགས་ཐོན་བྱས་པའི་སྐུལ་རྩིའི་རིགས་ཤིག་ཡིན་ལ། དེ་ཟགས་ཐོན་བྱེད་པར་ཉིན་མཚན་གྱི་དབྱེ་བ་ཡོད། ཉིན་དཀར་ཟགས་ཐོན་ལ་ཚོད་འཛིན་ཐེབས་པ་དང་མཚན་མོར་ཟགས་ཐོན་བྱེད་ཚད་ཧ་ཅང་མཐོ་བས། མཚན་མོའི་ནག་འབུད་རྒྱུའི་ཟགས་ཐོན་བྱེད་ཚད་ཀྱིས་ཐད་ཀར་གཉིད་ལ་ཤུགས་རྐྱེན་ཐེབས་པ་རེད། ན་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས། ཀླད་ཞོ་གཟུགས་རྙིད་འཁུམ་དང་ཀལ་འགྱུར་བྱུང་སྟེ་སྐྱེ་དངོས་ཆུ་ཚོད་ཀྱི་ཚིགས་འགྲོས་ཇེ་ཞན་དང་ཡང་ན་མེད་པར་གྱུར་འགྲོ། ལོ35ཡི་རྗེས་སུ། ནག་འབུད་རྒྱུ་ཡི་ཟགས་ཐོན་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་དང་། ཆ་སྙོམས་ཀྱིས་ལོ10རེའི་ནང་དུ10%ནས15%ཡིས་ཇེ་དམའ་རུ་འགྲོ་བཞིན་ཡོད། དེ་བས་རྒན་པ་རྣམས་ལ་གཉིད་མི་ཡོང་བ་དང་གཉིད་ཡུན་ཐུང་བའི་གནས་ཚུལ་འབྱུང་སླ།

བཞི། སེམས་འཛིན་མི་གསལ་བ། ན་ཚོད་རྒས་པ་དང་བསྟུན་ནས་ཀླད་པའི་ཁྲག་རྩ་ཇེ་ཞན་དུ་འགྲོ་བ་དང་ཀླད་པའི་ཕུང་གྲུབ་ཀྱིས་ཁྲག་དང་དབྱང་རླུང་འདོན་ཚད་ཇེ་ཉུང་དུ་འགྲོ་ལ། ཀླད་པའི་ཕུང་གྲུབ་རྙིད་འཁུམ་འབྱུང་ཞིང་དབང་རྩའི་ཕྲ་ཕུང་གི་གྲངས་འབོར་དང་བྱེད་ནུས་ཇེ་ཞན་དུ་འགྲོ་བས། མི་རྣམས་ན་ཚོད་ངེས་ཅན་ཞིག་ལ་ཐོན་རྗེས། རྒྱུན་དུ་སེམས་འཛིན་མེད་པར་བརྗེད་ངས་ཆེ་བའི་ཚོར་སྣང་འབྱུང་བ་རེད།

ལྔ། རུས་འཛེར་དང་རུས་སོབ་འབྱུང་བ། རུས་འཛེར་སྐྱེས་པ་དང་རུས་སོབ་འབྱུང་བ་ནི་རྒན་པ་རྣམས་ལ་རྒྱུན་དུ་རུས་པ་དང་ཤ་གནད་ན་བའི་སྣང་ཚུལ་འབྱུང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་ཞིག་རེད། རྒན་པ་རྣམས་ཀྱི་རུས་པའི་སྟུག་ཚད་ཇེ་ཞན་དུ་སོང་བ་དང་བསྟུན་ནས་རུས་སོབ་ཀྱི་ནད་འབྱུང་ལ། རུས་པའི་ཤ་གྲིམ་རིམ་གྱིས་ཞན་འགྱུར་དང་རྒྱུས་པ་རྙིད་འཁུམ་བྱུང་སྟེ། རུས་ཚིགས་ཀྱི་འདེགས་ནུས་དང་སྲུང་ཤུགས་ཇེ་ཞན་དུ་འགྲོ་བ་སོགས་ཀྱིས་རུས་འཛེར་སྐྱེས་པ་རེད།

དྲུག སྔོ་ཐིག་ཡོང་བ། གནས་ཚུལ་འདི་ནི་བུད་མེད་རྒན་པ་རྣམས་ལ་ལྷག་ཏུ་འབྱུང་སླ། སྐྱི་པགས་ཀྱི་སྟེང་དུ་སྔོ་ཐིག་ཡོང་བར་མ་ཟད། སྔོ་ཐིག་སེལ་ཚད་སྔར་ལས་དལ། དེ་ནི་རྒན་པ་རྣམས་ཀྱི་ཁྲག་རྩ་ཕྲ་མོ་དར་མ་ལས་ཞན་པས། རྨས་སྐྱོན་ཅུང་ཙམ་ཐེབས་པས་ཀྱང་ཁྲག་རྩ་ཕྲ་མོ་གས་པས་རེད།

བདུན། མཐོང་ཤུགས་ཞན་པ། ན་ཚོད་ངེས་ཅན་ཞིག་ལ་ཐོན་རྗེས། མིག་གི་ཤེལ་གཟུགས་སྲ་འགྱུར་འབྱུང་ཞིང་རྐྱོང་སྐུམ་རང་བཞིན་ཇེ་ཞན་དུ་སོང་ནས། ཐག་ཉེ་བའི་དངོས་པོ་གསལ་པོར་མི་མཐོང་བའི་གནས་ཚུལ་འབྱུང་བ་རེད།

བརྒྱད། སྙིང་ལྷོག་ལྷོག་ཏུ་ལྡིང་བ། འདི་ནི་སྙིང་གི་འཕར་སྟངས་མི་སྙོམས་པའི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་རེད། ནད་པ་མང་པོ་ཞིག་ལ་སྙིང་ལྷོག་ལྷོག་ཏུ་ལྡིང་བ་ལས་ནད་རྟགས་གཞན་པ་གང་ཡང་མེད། ཤ་སྒྲིམ་པ་དང་ཐ་མག་འཐེན་པ། ཆང་འཐུང་བ། ཇ་བཙན་པོ་འཐུང་བ། ཐང་ཆད་པ་བཅས་ཀྱི་སྐབས་སུ་སྙིང་ལྷོག་ལྷོག་ཏུ་ལྡིང་བའི་གནས་ཚུལ་འབྱུང་སླ། ཞིབ་འཇུག་ལས་མངོན་པ་ལྟར་ན། རྒན་པ་རྣམས་ལ་སྙིང་གི་ལྡིང་ཚད་མགྱོགས་པའི་གནས་ཚུལ་འབྱུང་ཚད་ཧ་ཅང་མཐོ།

དགུ། ཆུ་རྨེན་སྐྲངས་པ། ཆུ་རྨེན་སྐྲངས་པ་ནི་སྐྱེས་པ་རྣམས་ལ་འབྱུང་སླ་བའི་གཅིན་ཟགས་པ་དང་གཅིན་མང་བ། གཅིན་གཏོང་དཀའ་བ་སོགས་ཀྱི་ནད་ཅིག་ཡིན་ལ། ནད་པ་མང་ཆེ་ཤོས་ཤིག་ལ་དེའི་ཁྲོད་ཀྱི་ནད་རྟགས་གཅིག་ལས་མི་མངོན་པས། གཅིན་མ་འགག་ན་སེམས་ཁུར་ཆེན་པོ་བྱེད་མི་དགོས། གལ་ཏེ་དུས་ཡུན་ཐུང་ངུའི་ནང་གོང་གི་ནད་རྟགས་དེ་དག་ཇེ་སྡུག་ཏུ་སོང་ནས་རྒྱུན་ལྡན་གྱི་འཚོ་བར་གནོད་འཚེ་ཐེབས་ན། མྱུར་མོར་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།

རྒས་པ་ནི་ལྡོག་ཐབས་མེད་པའི་རང་བྱུང་གི་ཆོས་ཉིད་ཅིག་ཡིན་པས། རྒན་པ་རྣམས་ཀྱིས་སེམས་པ་ལྷོད་ལ་བབས་ཏེ། ན་ཚོད་རྒས་པ་ལས་བྱུང་བའི་ལུས་པོའི་འགྱུར་ལྡོག་དག་དང་ལེན་བྱེད་དགོས་པ་དང་། གཤམ་གྱི་བདེ་ཐང་གི་དམིགས་འབེན་འདི་དག་ལ་བརྩོན་དགོས།

ནད་ལྕི་མོ་མེད་པ། ལོ་རེར་དུས་བཅད་ལྟར་ལུས་ལ་བརྟག་དཔྱད་བྱས་ཏེ། ནད་ལྕི་མོ་མི་འབྱུང་བར་འབད་དགོས།

སེམས་ཁམས་སྐྱིད་པ། རྒན་པ་རྣམས་ཀྱིས་རྒས་པའི་རང་བྱུང་གི་ཆོས་ཉིད་དེ་ལ་ལྟ་སྟངས་ལེགས་པོ་འཛིན་དགོས་པར་མ་ཟད། རྒས་ན་བརྟེན་ས་ཡོད་པ་དང་རྒས་ན་སྤྲོ་བ་ཡོད་པར་འབད་དགོས།

གོམས་སྲོལ་ལེགས་པ། ཐ་མག་འཐེན་པ་དང་ཆང་འཐུང་བ། ཟས་ལྷག་ཚོད་ལྷག་བཟའ་བ། ཙོག་ཡུན་རིང་བ་སོགས་ཀྱི་གོམས་སྲོལ་ངན་པ་དག་བསྒྱུར་ཏེ། འཚོ་བའི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་འབད་དགོས།

དགའ་ཕྱོགས་ཡོད་པ། ལོ་ཚོད་རྒས་ནའང་རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བར་འབད་དགོས། རྒན་པ་རྣམས་ཀྱིས་གཅེས་ཟོག་གསོ་བའམ་ཡང་ན་མེ་ཏོག་གསོ་བ། དཔེ་ཆར་ལྟ་བ། གྲོགས་པོ་མང་པོ་བསྒྲིགས་པ་སོགས་རང་ཉིད་ཀྱི་དགའ་ཕྱོགས་ཤིག་སྐྱེད་སྲིང་བྱས་ན་ལུས་པོ་བདེ་ཐང་དང་སེམས་ཁམས་སྐྱིད་པོ་ཡོང་བར་ཕན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།