སྟོན་དགུན་དུས་ཀྱི་དབུགས་ལམ་འགོས་ནད་འགོག་བཅོས་བྱེད་ཐབས།
2023.12.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

དབུགས་ལམ་གྱི་འགོས་ནད་ནི་ནད་གདོད་གཟུགས་མིའི་སྣ་དང་མིད་པ། གློ་ཡུ་དང་གློ་ཡུའི་ཡན་ལག་སོགས་དབུགས་ལམ་བརྒྱུད་ནས་འགོས་པའི་རིམས་ནད་ཅིག་ཡིན་པ་དང་། སྟོན་ཁ་དང་དགུན་ཁའི་དུས་སུ་ནམ་ཟླ་འཁྱགས་པས་ནད་དུག་མཆེད་སླ་བ་རེད།

གཅིག  སྔོན་འགོག་གི་སྐོར།

1. འགོག་སྨན་རྒྱག་པ།

བྱིས་པ་ལོ་ཆུང་ངམ་ནད་འགོག་ནུས་པ་ཞན་པའི་མི་ལ། གནས་ཚུལ་དང་བསྟུན་ནས་འགོག་སྨན་བརྒྱབ་ཆོག་སྟེ། དཔེར་ན་ཆམ་རིམས་ཀྱི་འགོག་སྨན་ལྟ་བུ། འདིར་ཤེས་དགོས་པ་ཞིག་ལ། མིག་སྔར་ཕྲ་གྱེས་གདོད་གཟུགས་གློ་ཚད་ལ་ཆེད་དམིགས་ཀྱི་འགོག་སྨན་མེད།

2.རླུང་རྒྱུ་བར་བྱེད་པ་དང་མི་ཚོགས་ལ་གཡོལ་བ།

ཉིན་རེར་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་ལ་འབྱེད་པ་དང་། ཐེངས་རེར་སྐར་མ་སུམ་ཅུ་ཙམ་ལ་རླུང་རྒྱུ་རུ་འཇུག་དགོས། མི་ཚོགས་འདུ་སར་འགྲོ་ཐེངས་ཇེ་ཉུང་དུ་གཏོང་བ་དང་། ངེས་པར་འགྲོ་དགོས་ཚེ་ཁ་ཐུམ་རྒྱག་དགོས།

3.ལག་པར་གཙང་སྦྲ་བྱེད་པ།

ཕྱི་ནས་ནང་དུ་ལོག་པ་དང་། ཟས་ཀྱི་སྔོན་དུ་གསང་སྤྱོད་དུ་འགྲོ་བ། མིག་སྣ་ཁ་གསུམ་ལ་རེག་པ་སོགས་ཀྱི་སྐབས་སུ། སྔོན་ལ་ལག་པ་བཀྲུ་དགོས། ཚན་རིག་དང་མཐུན་པའི་བཀྲུ་ཐབས་ཡང་དག་བསྟེན་ནས། འདག་རྫས་བཀོལ་ནས་བཞུར་ཆུའི་ནང་དུ་ལག་པ་གཙང་མར་བཀྲུ་དགོས།

4.རང་ཁ་རང་གིས་སྲུང་བ།

གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ། ངེས་པར་གཙང་ཤོག་དང་ལག་ཕྱིས་ཀྱིས་ཁ་སྣ་གཅོད་དགོས།

གཉིས། བཟའ་བཏུང་གི་སྐོར།

1.ཆུ་མང་དུ་འཐུང་ནས་རྙིང་ཚབ་གསར་བརྗེ་ལ་གྲོགས་བྱེད་པ།

2.ཟས་སྣ་ལེགས་པར་བསྡེབས་ཏེ། འཚོ་བཅུད་ཁ་སྣོན་དང་ནད་འགོག་ནུས་པ་ཇེ་མཐོར་གཏོང་བ།

3.སྤྲི་དཀར་དང་མངར་ཆ། ཚད་ཉུང་གཞི་རྒྱུ་འདུས་པའི་ཟས་རིགས་མང་དུ་བསྟེན་དགོས་པ་སྟེ། དཔེར་ན་ཤ་སྣག་དང་བྱ་སྒོང་། ཙོ་རིལ། སྦྲང་རྩི་སོགས་ལྟ་བུ།

4. སྔོ་ཚོད་དང་སིལ་ཏོག་གསར་བའི་རིགས་མང་དུ་བསྟེན་ནས་འཚོ་རྒྱུ་ཡིས་འདང་བར་བྱེད་པ།

5.ཆུ་འཁྱག་དང་མི་གཙང་བའི་ཟས། འཚོ་ཟས་རློན་པ་དང་ཤ་རློན་སོགས་མི་བསྟེན་པ།

གསུམ། གྱོན་ཆས་ཀྱི་སྐོར།

1.གྱོན་པ་འོས་འཚམ་གོན་པ་དང་། ཐོག་ལྭ་ཞིག་གང་ལ་འགྲོ་ནའང་ཁྱེར་ནས་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་བརྗེ་གསོར་བྱེད་དགོས།

2.ནངས་དགོང་གི་དྲོ་གྲང་ལ་ཁྱད་པར་ཆེ་བའི་སྐབས་སུ། སྒོ་ཕྱིར་འགྲོ་སྐབས་ལྭ་བ་དྲོན་པོ་གྱོན་དགོས། གྱོན་པ་ལུས་ལ་འཚམ་མིན་གྱི་ཚད་གཞི་ལ་སྐེ་དང་རྒྱབ་གཞུང་ལ་དྲོད་སྣང་སྟེར་ལ་རྔུལ་ཆུ་མི་ལྡང་བ་ཞིག་བྱེད་དགོས།

བཞི། སྤྱོད་ལམ་གྱི་སྐོར།

1.ཆོས་ཉིད་དང་ལྡན་པར་ངལ་གསོ་བ།

ཆོས་ཉིད་དང་ལྡན་པའི་ངལ་གསོ་སྟངས་ཡག་པོ་ཞིག་གོམས་པར་བྱ་བ་དང་། མཚན་སྐྱེལ་ནས་གཉིད་ཆག་པ་སོགས་མི་བྱེད་པ།

2.གཉིད་ཀྱིས་འདང་བར་བྱེད་པ།

ཉིན་རྒྱུན་དུ་གཉིད་འདང་ངེས་ཡོང་བར་བྱས་ཏེ། ལུས་སེམས་ལྷོད་པོ་དང་སྐྱིད་པོ་ཡོང་བར་བྱེད་དགོས།

3.ལུས་ཕུང་སྦྱོང་བརྡར་བྱེད་པ།

ལུས་རྩལ་བྱ་འགུལ་ལ་མང་དུ་ཞུགས་ཏེ་ལུས་ཕུང་གི་ནད་འགོག་ནུས་པ་ཇེ་མཐོར་གཏོང་བ།

4.གནམ་གཤིས་ཧ་ཅང་བཟང་དུས། བྱིས་པར་ཕྱི་རོལ་དུ་སོང་ནས་སྦྱོང་བརྡར་བྱེད་པར་སྐུལ་ལྕག་གཏོང་དགོས།

5.གནམ་གཤིས་འཁྱག་དུས། སྒོའི་ཕྱི་རོལ་དུ་འགྲོ་ན་ལྭ་བ་དྲོན་པོ་གྱོན་ནས་ལུས་ཕུང་འཁྱགས་སུ་མི་འཇུག་པར་བྱེད་དགོས་ལ། རྒན་པ་རྣམས་ཀྱིས་ལུས་སྦྱོང་མ་བྱས་སྔོན་ལ་གྲ་སྒྲིག་གི་འགུལ་སྐྱོད་གང་ལེགས་བྱེད་པ་དང་། ལུས་སྦྱོང་བྱས་རྗེས་བརྐྱང་བསྐུམ་གྱི་སྦྱོང་བརྡར་འོས་འཚམ་བྱེད་དགོས།

ལྔ། མིད་པར་སྲུང་སྐྱོབ་བྱེད་པའི་སྐོར།

མིད་པ་མི་བདེ་བའི་སྐབས་སུ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་ཞེ་ན།

1.ཆུ་མང་པོ་འཐུང་བ་སྟེ།  སྐྱེས་པ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1700ཙམ་འཐུང་དགོས་ལ། སྐྱེས་མ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1500འཐུང་དགོས།

2.ཁ་ལ་ཚྭ་ཆུས་བཤལ་བ་སྟེ། ཚྭ་ཆུས་མིད་པའི་འབྱར་སྐྱི་སོགས་བཤལ་ན། འབུ་ཕྲ་འཇོམས་པ་དང་གཉན་ཚད་གཅོག་པའི་ནུས་པ་ཐོན་པ་ཡིན།

2.མིད་པར་རླངས་པས་བདུགས་པ་སྟེ། ཆུ་ཁོལ་ཕོར་བ་གང་ལ་ཁ་གཏད་ནས། རླངས་པས་མིད་པར་བདུག་པ་དང་། མིད་པ་བརླན་གྱིས་བྲན་པར་བྱེད་དགོས། མཉམ་འཇོག་དགོས་པ་ཞིག་ལ་ཆུ་ཁོལ་གྱི་དྲོད་ཚད་ཏུའུ་དྲུག་ཅུའི་མན་ཡིན་ན་ཚད་དང་རན་པ་ཡིན།

སྨན་བསྟེན་པ་སྟེ། མིད་པའི་སྨན་ལྕེ་ཡི་འོག་ཏུ་མུར་དགོས་ལ། དེ་ཡང་སྨན་པའི་ངག་བཞིན་བསྟེན་ན་བཟང་།

མིད་པར་ཚེགས་མི་སྣོན་པ་སྟེ། སྐད་རྒྱག་སྟངས་དང་ཁ་གདངས་ནས་དབུགས་རྔུབ་པ་སོགས་ཀྱི་གོམས་གཤིས་ནོར་བ་ཅན་ཡོ་བསྲང་བྱེད་པ་དང་། རྒྱུན་པར་ཁ་ནང་གི་གཙང་སྦྲར་དོ་སྣང་བྱེད་དགོས།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ཡིག་སྒྱུར་བ། འབྲུག་མོ།